ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་བསྟན་དོན།
ཉེ་དུས་ཁེ་ལས་ཕྱི་རྒྱལ་དུ་འགྲེམས་སྟོན་ལ་ཞུགས་པ་དང་འགྲེམས་སྟོན་གཉེར་བའི་ཚ་རླབས་སྔར་བཞིན་འཕྱུར་བ།
ཚེས་30ཉིན། ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་སུན་ཞའོ་ཡིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་བརྗོད་དོན། འདི་ལོའི་ཟླ་བདུན་པར། རྒྱལ་ཡོངས་ཚོང་དོན་སྐུལ་སྤེལ་ཁོངས་གཏོགས་ཀྱིས་ཁྱོན་རྒྱལ་སྒྲོལ་ATAལག་ཁྱེར་748ལ་ཆོག་མཆན་སྤྲད་པ་དེ་དུས་མཚུངས་ལས་205.28%འཕར་བ་དང་། ལག་ཁྱེར་གཉེར་མཁན་ཁེ་ལས་505ཟིན་པ་དེ་དུས་མཚུངས་ལས་250.69%འཕར་བ་དེ་ཐོག་ནས་ཉེ་དུས་ཁེ་ལས་ཕྱི་རྒྱལ་དུ་འགྲེམས་སྟོན་ལ་ཞུགས་པ་དང་འགྲེམས་སྟོན་གཉེར་བའི་ཚ་རླབས་སྔར་བཞིན་འཕྱུར་བཞིན་པ་མཚོན་ཡོད་ལ། ས་གནས་ཁག་གི་ཁེ་ལས་ཕྱི་རྒྱལ་དུ་ཁྲོམ་ར་རྒྱ་སྐྱེད་གཏོང་བར་སྐྱོད་པའི་འདུན་པ་ཆེན་པོ་ཡོད་པའང་མཚོན་ཡོད།
ATAལག་ཁྱེར་ནི་རྒྱལ་སྤྱིའི་སྤྱི་སྤྱོད་ཀྱི་འགག་སྒྲོལ་ཡིག་ཆ་ཞིག་རེད་ལ། འཛམ་གླིང་འགག་སྒོ་རྩ་འཛུགས་ཀྱིས་དངོས་ཟོག་གནས་སྐབས་འགག་སྒོ་ནས་འགྲོ་འོང་བྱེད་པར་ཆེད་མངགས་བཟོས་པ་ཞིག་ཀྱང་རེད། དེར“དངོས་ཟོག་འགག་སྒྲོལ་ལམ་ཡིག”ཅེས་བརྗོད་ཀྱི་ཡོད།
སུན་ཞའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་7པར། རྒྱལ་ཡོངས་ཚོང་དོན་སྐུལ་སྤེལ་ཁོངས་གཏོགས་ཀྱིས་རིམ་རྩིས་བྱས་ན་ཐོག་མའི་ཐོན་ཡུལ་གྱི་ལག་ཁྱེར་དང་། ATAལག་ཁྱེར། ཚོང་དོན་ངོ་སྤྲོད་ཡི་གེ་སོགས་ལག་ཁྱེར་སྣ་ཚོགས་ཁྲི་54.62ལ་ཆོག་མཆན་སྤྲད་པ་དེ་ན་ནིང་གི་དུས་མཚུངས་ལས་12.82%འཕར་ཡོད།
དེའི་ནང་རྒྱལ་ཡོངས་ཀྱི་ཚོང་དོན་སྐུལ་སྤེལ་ཁོངས་གཏོགས་ཀྱི་གཟིགས་སྐྱོང་མིན་པའི་ཐོག་མའི་ཐོན་ཡུལ་ལག་ཁྱེར་གྱི་ཐོངས་མཆན་དངུལ་གྲངས་ཨ་སྒོར་དུང་ཕྱུར་326.40ཟིན་པ་དེ་དུས་མཚུངས་ལས་5.66%འཕར་བ་དང་། རྒྱལ་སྒྲོལ་ཐོངས་མཆན་ཁྲི་34.60ཟིན་པ་དེ་དུས་མཚུངས་ལས་12.25%འཕར་བ། ལག་ཁྱེར་གཉེར་མཁན་ཁེ་ལས་ཁྲི་4ཟིན་པ་དེ་དུས་མཚུངས་ལས་8.45%འཕར་བ། རྒྱལ་ཡོངས་ཚོང་དོན་སྐུལ་སྤེལ་ཁོངས་གཏོགས་ཀྱི་ཐོག་མའི་ཐོན་ཡུལ་ལ་གཟིགས་སྐྱོང་བྱེད་པའི་ལག་ཁྱེར་གྱི་རྒྱལ་སྒྲོལ་ཐོངས་མཆན་ཁྲི་14.81ཟིན་པ་དེ་དུས་མཚུངས་ལས་18.38%འཕར་བ། ལག་ཁྱེར་གཉེར་མཁན་ཁེ་ལས་ཁྲི་2.11ཟིན་པ་དེ་དུས་མཚུངས་ལས་11.45%འཕར་བ་བཅས་རེད།