ལོ་10ཡི་རིང་རང་རྒྱལ་གྱི་ལྗང་མདོག་ཚོང་དོན་གཞི་ཁྱོན་གྱིས་གོ་ལ་ཧྲིལ་པོའི་བསྡུར་གྲངས་བཟུང་ཚད་བརྒྱ་ཆའི་གྲངས་2.3འཕར་བ།
ཚེས་29ཉིན་ཡོངས་བསྒྲགས་བྱས་པའི《ཀྲུང་གོའི་ལྗང་མདོག་ཚོང་དོན་འཕེལ་རྒྱས་ཀྱི་སྙན་ཞུ2023》ནང་མངོན་པར། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ལྗང་མདོག་ཚོང་དོན་གཞི་ཁྱོན་གཞི་རྩའི་ཆར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་2013ལོ་ནས་2022ལོའི་བར་ལོ་རེར་ཆ་སྙོམས་3.18%འཕར་ཏེ་གོ་ལ་ཧྲིལ་པོའི་བསྡུར་གྲངས་བཟུང་ཚད་བརྒྱ་ཆའི་གྲངས་2.3འཕར་ཡོད་པ་རེད།
སྙན་ཞུ་དེ་ནི་ཚོང་དོན་པུའི་རྒྱལ་སྤྱིའི་ཚོང་དོན་དཔལ་འབྱོར་མཉམ་ལས་ཞིབ་འཇུག་ཁང་གི་ཞིབ་འཇུག་གྲུབ་འབྲས་གསར་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། ཧྲན་ཏུང་གཡན་ཐའེ་རུ་འཚོགས་པའི་2023ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚོགས་ཆེན་རིང་ཡོངས་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་2022ལོར་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཐུབ་ཚད་འགོར་བ་དང་ཕྱི་ཕྱོགས་ཀྱི་དགོས་མཁོ་ཆུང་དུ་ཕྱིན་པ་སོགས་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་འོག་ཀྲུང་གོའི་ལྗང་མདོག་ཚོང་དོན་གྱི་གཞི་ཁྱོན་ཕྲན་བུ་ཆག་མོད། འོན་ཀྱང་ཁྲོམ་རའི་གྲུབ་ཆའི་སྣེ་མང་ཅན་གྱི་རྣམ་པ་མངོན་གསལ་དོད་དུ་ཕྱིན་ནས་ལྗང་མདོག་ཚོང་དོན་གྱི་རྣམ་པ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་མངོན་ཡོད།
སྙན་ཞུའི་ནང་དུས་མཚུངས་སུ་བསྟན་དོན། མིག་སྔར་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་འགོག་རྐྱེན་འཕྲད་ནས་ལྗང་མདོག་ཚོང་དོན་འཕེལ་རྒྱས་ལ་ཕྱོགས་མང་པོའི་གནོན་ཤུགས་འཕྲད་ཡོད་པ་དང་། 2013ལོ་ནས་2022ལོའི་བར་འཛམ་གླིང་གི་ཁོར་ཡུག་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཅུང་འཕར་ནས་ལོ་རེར་ཆ་སྙོམས་འཕར་ཚད་0.85%ཟིན་ཡོད་པ་རེད། ཀྲུང་གོ་དང་། ཨ་རི། ཡོ་རོབ་མནའ་འབྲེལ་བཅས་ཀྱིས་ཨང་དང་པོ་ནས་གསུམ་པའི་ཨང་རིམ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པ་མ་ཟད། ཁྲོམ་རའི་ཐོབ་སྐལ་མང་དུ་འགྲོ་བའི་རྣམ་པ་མངོན་ནས་2022ལོར་བསྡུར་ཚད་40.4%ཟིན་ཡོད་པ་རེད།
སྙན་ཞུའི་ནང་ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱི་ལྗང་མདོག་ཚོང་དོན་འཕེལ་རྒྱས་ཀྱི་ཁུལ་ཁོངས་གཅིག་སྡུད་བྱེད་ཚད་ཅུང་མཐོ་པོ་ཡོད་པ་དང་། ཤར་རྒྱུད་མཚོ་རྒྱུད་ས་ཁུལ་གྱི་ལྗང་མདོག་ཉོ་ཚོང་གྲ་རྒྱས་པོ་ཡོད། དབུས་ནུབ་རྒྱུད་ཀྱི་ལྗང་མདོག་ཚོང་དོན་གྱིས་བསྡུར་གྲངས་བཟུང་ཚད་ཅུང་དམའ་མོད། འོན་ཀྱང་འཕར་ཚད་མགྱོགས་པས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཙམ་ལྡན་ཡོད།