“ཀྲུང་གོའི་ལག་རྟགས་དེར་ཧ་ཅང་དགའ་པོ་ཡོད”
མི་རིང་བའི་གོང་ཀྲུང་གོ་ཀྲུང་ཁྲེ་ཚོགས་པ་ཚད་ཡོད་ཀུང་སིའི་ཏ་ལན་ཀུང་སིས(གཤམ་དུ“ཀྲུང་གོ་ཀྲུང་ཁྲེ”ཞེས་བསྡུ་རྒྱུ)སྣེ་ཁྲིད་བྱས་ནས་ལོ་སིའི་རྒྱལ་ས་ཝན་ཐེན་གྱི་ཙུང་ཕེ་སློབ་འབྲིང་དུ་བསྐྲུན་པའི“ཀྲུང་གོ་དང་ལོ་སིའི་མཛའ་གྲོགས་འབྲེལ་ཟམ”ཞེས་པའི་རྐང་རྩེད་སྤོ་ལོ་ཐང་གི་སྒོ་དངོས་སུ་ཕྱེ་བས། དེ་སྔ་རྐང་རྗེན་མར་སྤོ་ལོ་རྒྱག་པའི་ཕྲུ་གུ་ཚོ་ད་ཆ་ཆེད་ལས་དང་བདེ་འཇགས་ལྡན་པའི་རྐང་རྩེད་སྤོ་ལོའི་ཐང་དུ་བསྐྱོད་ནས་རྐང་རྩེད་སྤོ་ལོ་རྒྱག་པའི་སྤྲོ་སྣང་ལ་རོལ་ཐུབ་པ་བྱུང་བ་རེད།
ཙུང་ཕེ་སློབ་འབྲིང་ནི་ཝན་ཐེན་ཤིས་ཧྲ་ཏ་ན་རྫོང་དུ་གནས་པ་དང་མིག་སྔར་དགེ་རྒན་13དང་སློབ་མ་279ཡོད། གཞུང་བཙུགས་སློབ་གྲྭ་ཞིག་ཡིན་པས། ཙུང་ཕེ་སློབ་འབྲིང་ནི་སྤྱིའི་ཆ་ནས་སྲིད་གཞུང་གི་ནོར་སྲིད་རྒྱབ་སྐྱོར་ལ་བརྟེན་དགོས་ཀྱི་ཡོད། སློབ་སྤྱི་ཙུང་ཧྲ་ཝན·རུའེ་ནུའུ་ཧྥུས། “ཕྲུ་གུ་ཚོས་ན་ཁའི་སྟེང་དུ་རྐང་རྩེད་སྤོ་ལོ་རྒྱག་འདོད་ཆེན་པོ་བྱེད་ཀྱི་འདུག ཀྲུང་གོའི་གྲོགས་པོས་སློབ་མ་ཚོར་བསྐྲུན་པའི་རྐང་རྩེད་སྤོ་ལོ་ཐང་དེ་ནི་དངོས་པོའི་ཐད་ནས་རོགས་རམ་བྱས་པ་ཞིག་ཡིན་པ་མ་ཟད། བསམ་པའི་ཐད་ཀྱི་སྐུལ་ལྕག་བྱས་པ་ཞིག་དེ་བས་ཡིན”ཞེས་བཤད་པ་རེད།
“ད་ཆ་ང་ཚོ་རྐང་རྩེད་སྤོ་ལོ་ཐང་དུ་སྤོ་ལོ་རྒྱག་སྐབས་ཁ་བུབ་ལོག་ཀྱང་རྡབ་པའི་སེམས་ཁྲལ་མི་འདུག ཚང་མས་ཉིན་ལྟར་རྐང་རྩེད་སྤོ་ལོ་ཐང་དུ་སྦྱོང་བརྡར་བྱེད་པར་ཡོང་ནས་ཝང་ཤན་གྲོང་ཁྱེར་གྱི་སློབ་འབྲིང་སློབ་མའི་འགྲན་བསྡུར་ནང་བྱ་དགའ་ཐོབ་པའི་བརྩོན་ལེན་བྱེད་ཀྱི་ཡོད། སླད་ཕྱིན་ང་ཚོས་ད་དུང་རྒྱལ་ཁབ་རུ་ཁག་ནང་ཞུགས་རྒྱུ་ཡིན”ཞེས་སློབ་འབྲིང་ལོ་རིམ་བཞི་པའི་སློབ་མ་ཧྲ་ལེ་སའེ·ཕི་ས་ནུའུ་ཝན་གྱིས་དགའ་ཚོར་ཆེན་པོས་གསར་འགོད་པར་བཤད་པ་དང་། ད་དུང་ཁོང་གིས“ཀྲུང་གོས་ང་ཚོར་གནང་བའི་ལག་རྟགས་དེར་ང་ཚོ་ཧ་ཅང་དགའ་པོ་ཡོད། དེ་ལས་ཀྲུང་གོའི་ཨ་ཁུ་དང་ཨ་ཅག་ཚོས་ང་ཚོར་སེམས་ཁུར་དང་སྨོན་འདུན་བཟང་པོ་གནང་བ་མྱོང་ཚོར་ཐུབ་བྱུང་། ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད་པ་རེད།
ལོ་སིའི་སློབ་གསོ་པུའི་ལུས་རྩལ་སིའི་སི་ཀྲང་ཝེ་ལ་ཝང·པུན་སུའུ་ཐའེ་ཡིས། ལོ་སིའི་ཏང་དང་སྲིད་གཞུང་གིས་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་ཆབས་ཅིག་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དེ་རྒྱལ་ཁབ་ཀྱིས་སྔོན་འགྲོའི་འཕེལ་རྒྱས་ཀྱི་བྱ་གཞག་ལ་བརྩི་ཡི་ཡོད། ཀྲུང་གོའི་གྲོགས་པོ་ཚོས་ཙུང་ཕེ་སློབ་འབྲིང་དུ་རྐང་རྩེད་སྤོ་ལོ་ཐང་སྐྲུན་པར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེས་སློབ་མ་རྣམས་འཚར་ལོངས་ཡོང་བར་ཕན་ཆེན་པོ་ཐོགས་པའི་ཡིད་ཆེས་ཡོད། ལུས་རྩལ་སྦྱོར་བརྡར་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་སློབ་མ་ཚོའི་གཟུགས་པོའི་བྱང་ཚད་ལེགས་སུ་ཕྱིན་པ་དང་། སློབ་སྦྱོང་གི་ནུས་པ་ཆེ་རུ་ཕྱིན་ཏེ་ཕྱོགས་ཡོངས་ནས་འཚར་ལོངས་ཡོང་རྒྱུ་རེད་ཅེས་བཤད་པ་རེད།
ཀྲུང་གོ་ཀྲུང་ཁྲེའི་ལག་བསྟར་ཏུང་ཧྲེ་ཀྲང་ཝང་ཨན་གྱིས། “ང་ཚོས་ལོ་སིའི་གཉིས་ཁེ་མཉམ་ལས་དང་རིག་གནས་སྤེལ་རེས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ལོ་སིའི་རྒྱལ་ཁབ་འཛུགས་སྐྲུན་དང་དེ་བཞིན་སློབ་གསོའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་ནུས་པས་ལྕོགས་ཚོད་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱེད་རྒྱུ་ཡིན”ཀྲུང་གོ་ཀྲུང་ཁྲེས་སྤྱི་ཚོགས་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་ངང་བསྒྲུབས་ནས་ས་གནས་དེ་གའི་སྡེ་ཁུལ་གྱི་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ཁྱབ་ཁོངས་འཕེལ་རྒྱས་ལ་དོ་ཁུར་དེ་བས་མང་བ་བྱས་ཏེ། ལོ་སི་འཕེལ་རྒྱས་ཡོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།