རྒྱལ་ཁབ་རེ་ཟུང་གིས་སི་རི་ཡར་ཁྲིམས་འགལ་གྱི་དམག་དོན་བྱ་སྤྱོད་མུ་མཐུད་སྤེལ་བར་ཀྲུང་གོ་ཕྱོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ།
ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་གཞོན་པ་ཀེང་ཧྲོང་གིས། རྒྱལ་ཁབ་རེ་ཟུང་གིས་སི་རི་ཡའི་ས་ཁོངས་ནང་ཁྲིམས་འགལ་གྱི་དམག་དོན་བྱ་སྤྱོད་མུ་མཐུད་སྤེལ་བར་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
དེ་ཉིན་ཀེང་ཧྲོང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སི་རི་ཡའི་ཆབ་སྲིད་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས་སི་རི་ཡའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་ངེས་པར་དུ་བརྩི་འཇོག་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱི་རྒྱལ་གྱི་དམག་དཔུང་ལ་སི་རི་ཡའི་མངའ་ཁོངས་སུ་ཁྲིམས་འགལ་ངང་བཅའ་སྡོད་དང་ཁྲིམས་འགལ་གྱི་དམག་དོན་བྱ་སྤྱོད་སྤེལ་མཚམས་འཕྲལ་མར་འཇོག་པ་དང་སི་རི་ཡའི་མངའ་ཁོངས་ཀྱི་རང་བྱུང་ཐོན་ཁུངས་ཁྲིམས་འགལ་ངང་འཕྲོག་བཅོམ་བྱེད་མཚམས་འཕྲལ་མར་འཇོག་དགོས་པའི་སྐུལ་འདེབས་གཏོང་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
ཀེང་ཧྲོང་གིས། ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུ་ནི་སི་རི་ཡའི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སི་རི་ཡའི་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཕེ་ཁའེ་རུའུ་ཡིས“བྱ་སྤྱོད་ལ་བརྟེན་ནས་བྱ་སྤྱོད་ལ་ཁ་གཏད་གཅོག་པའི”བསམ་ཕྱོགས་ལ་གཞིགས་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2354དོན་འཁྱོལ་བྱ་རྒྱུར་ཕྱོགས་ཁག་དང་འབྲེལ་གཏུག་རྒྱ་ཁྱབ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ནས་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དེ“སི་རི་ཡ་བས་གཙོ་ཁྲིད་དང་སི་རི་ཡ་བར་དབང་བའི”རྩ་དོན་གཞིར་བཟུང་སྔ་ཙམ་སླར་གསོ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་གང་ལེགས་བྱས་ཏེ་ཆབ་སྲིད་ཀྱི་ཐོག་ནས་སི་རི་ཡའི་གནད་དོན་ཐག་གཅོད་བྱེད་པར་རོགས་རམ་དེ་བས་མང་བ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ས་ཁོངས་ཕྱིའི་རྒྱལ་ཁབ་ཀྱིས་འདུམ་འགྲིག་ལ་འགོག་རྐྱེན་བཟོ་བའི་གཏམ་སྤྱོད་མཐའ་དག་མཚམས་འཇོག་བྱས་ནས་ས་ཁོངས་ཀྱི་རྒྱལ་ཁབ་དབར་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱ་རྒྱུར་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་གསུངས་པ་རེད།
ཀེང་ཧྲོང་གིས། སི་རི་ཡའི་ས་ཁོངས་ནང་གི་འཇིགས་རྒོལ་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད། སི་རི་ཡའི་སྲིད་གཞུང་གིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་དང་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་པར་དགོས་ངེས་ཀྱི་བྱ་ཐབས་སྤྱོད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལ་གཞིགས་ནས་བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་འགྱུར་ཐོག་ནས་འཇིགས་སྐུལ་ཕྱོགས་གཏོགས་ཚང་མར་རྡུང་རྡེག་བཏང་སྟེ་དེའི་མཚོན་ཆ་དང་། མི་སྣ། མ་དངུལ་བཅས་ཀྱི་འབྱུང་ཁུངས་རྦད་དེ་མེད་པར་བཟོ་བ་མ་ཟད། འབྲེལ་ཡོད་ཕྱོགས་ལ་འཇིགས་སྐུལ་ཕྱོགས་གཏོགས་རྒྱ་ཡན་དུ་གཏོང་བ་དང་། འགེབས་སྲུང་བྱེད་པ། ཆབ་སྲིད་ཐོག་ནས་བེད་སྤྱོད་གཏོང་བ་བཅས་མཚམས་འཇོག་བྱ་རྒྱུའི་སྐུལ་འདེབས་ཀྱང་བྱེད་དགོས་ཞེས་གསུངས་པ་རེད།