རང་ལྗོངས་ཀྱིས་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་མུ་མཐུད་སྤེལ་བ།
ལོ་སྟོད་དུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་112.36ཟིན་པ།
ཉེ་ཆར་གསར་འགོད་པར་ལྗོངས་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་དང་བདེ་འཇགས་ཐོན་སྐྱེད་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་བཟོ་ལས་དང་གྲངས་འཛིན་དཔལ་འབྱོར་གྱིས་དཔལ་འབྱོར་ཛ་དྲག་ལ་རྙོག་འཛིང་ཆེ་བའི་དུས་བབ་དང་དཔལ་འབྱོར་འཕར་ཚད་ཆག་པའི་གནོན་ཤུགས་ལ་ཁ་གཏད་ཧུར་ཐག་བཅག་སྟེ། འཕར་སྣོན་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག ཕྱོགས་སྒྱུར་སྐུལ་འདེད། སྒུལ་ནུས་ཆེར་གཏོང་བཅས་ལ་སྤྱི་འདོམས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།
ལོ་སྟོད་དུ། རང་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་112.36ཟིན་པ་ལོ་གོང་མའི་དུས་མཚུངས་ལས་10.4%འཕར་ནས་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་པ་དང་། གྲངས་འཛིན་དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར་143.88ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་20.4%འཕར་བ། ལྗོངས་ཡོངས་ཀྱི་ལྗང་མདོག་བཟོ་ལས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་69.68བཏང་བ་དེ་ལོ་གོང་མའི་དུས་མཚུངས་ལས་74%འཕར་བ། མཐོ་གསར་གྲངས་འཛིན་ཐོན་ལས་ལ་མ་དངུལ་སྒོར་དུང་ཕྱུར་15.04བཏང་བ་དེ་ལོ་གོའི་མའི་དུས་མཚུངས་ལས་15.5%འཕར་ཡོད།
ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་སྟོད་དུ་རང་ལྗོངས་ཀྱིས་གློག་སྤྱོད་མ་གནས་སྔར་བས་དམའ་རུ་བཏང་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུའི་ལག་བསྟར་ཇུས་གཞི་སྔ་རྗེས་སུ་བཏོན་པ་དང་། ལིས་རྒྱུའི་ཐོན་ཁུངས་གསར་སྤེལ་དང་། ཐོན་ལས་འཕེལ་རྒྱས། ས་མཐོའི་ཡང་བའི་བཟོ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་འཆར་གཞི་བཀོད་ནས་ཁྱབ་བསྒྲགས་བྱས་པ། ས་མཐོའི་ས་ཁུལ་གྱི་ནུས་མང་གཡོས་སྦྱོར་ཐབ་ཆས་ཐོན་ལས་ལ་རྒྱབ་སྐྱོར་གྱི་མཛུབ་ཁྲིད་བསམ་འཆར་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི། གཞི་གཅིག་ཅན་གྱི་གྲངས་འཛིན་ཆེན་པོའི་མ་ལག་སོགས་དཔལ་འབྱོར་བརྟན་གཏོང་གི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཟོས་ཏེ། བཟོ་ལས་དང་གྲངས་འཛིན་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་པར་ཕན་འབྲས་ཡག་པོ་ཐོབ་ཡོད། དེའི་ནང་ཡང་བའི་བཟོ་ལས་ཐད། བོད་ལྗོངས་ཧྲང་ཁྲུའུ་ཀུང་སིའི་བྲིན་ཚོང་བྱེད་ཚད་ཁྲི་30.3དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.2ཟིན་པ་དང་། ལྷ་སྤྲེལ་བོད་སྨན་གྱི་འགྱེད་འཕྲོའི་འབུ་ཕྲ་རྩ་མེད་བཟོ་བའི་རྣམ་གྲངས་དང་། ལྷོ་ཁའི་ཧའེ་སི་ཁོའོ་སྨན་བཟོ། ལྷ་སའི་ཅིའུ་རུའེ་བདེ་ཐང་ཀྲུང་ལུགས་སྨན་རྫས་འཐུང་བྱ་སོགས་རྣམ་གྲངས་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ། ནུང་ཧྥུའུ་ཧྲན་ཆོན་ཉིང་ཁྲིའི་ཐུམ་སྒྲིལ་འཐུང་ཆུའི་རྣམ་གྲངས་ཀྱིས་སྔོན་ལ་ཏུན་ཁྲི་20ཡི་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་གཏན་འཁེལ་བྱས་པ། དབྱང་ཧོ་མ་རྐང་གནང་རའི་ཨ་རག་གྲོང་ཚོའི་ནས་རག་རྣམ་གྲངས་དང་ལྷ་སའི་སྦི་རག་བཟོ་གྲྭ་གསར་པ་སྐྲུན་འགོ་ཚུགས་པ། མོང་ཉིའུ་ཚོགས་པས་ལྷ་སའི་ས་གཙང་དཀར་ཆུའི་ལས་རིགས་དང་མཉམ་འབྲེལ་གྱིས་མཉམ་གཉེར་སྤུས་རྟགས་བཏོད་པ། ཧྭ་རུན་ཞུའེ་ཧྭ་སྦི་རག་བཟོ་གྲྭ་རྒྱས་སྐྲུན་རྣམ་གྲངས་སྐྲུན་འགོ་ཚུགས་པ་མ་ཟད། ད་དུང་བོད་ལྗོངས་འགྲེམས་ཚོགས་སོགས་བརྒྱུད་རྣམ་གྲངས་15ལ་མིང་རྟགས་བཀོད་པ་དང་མ་དངུལ་སྒོར་དུང་ཕྱུར་32.55བཏང་ནས“གཞི་ཁྱོན་ཡན་ཆགས་ཉེའི”ཁེ་ལས་སྐྱེད་སྲིང་མཛོད་འཐུས་སྒོ་ཚང་དུ་བཏང་བ་དང་མཛོད་འཇུག་ཁེ་ལས་43མང་དུ་སོང་ཡོད། གྲངས་འཛིན་དཔལ་འབྱོར་ཐད། རང་སྐྱོང་ལྗོངས་ཀྱི“1+7+N”གཞི་གཅིག་ཅན་གྱི་གྲངས་གཞིའི་མ་ལག་མགྱོགས་མྱུར་བཀོད་སྒྲིག་བྱས་པ་བརྒྱུད། ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་137གྱིས་སྤྲིན་དྲ་བརྒྱུད་ཞུགས་དགོས་པའི་གསང་འབྲེལ་མིན་པའི་མ་ལག་305སྤྲིན་ཐོག་དང་ལས་སྟེགས་ལ་ཞུགས་པ་དང་གྲངས་གཞི་དང་སྦྲེལ་མཐུད་ཐུབ་ནས་གྲངས་གཞི་དུང་ཕྱུར་12.4གཅིག་སྡུད་བྱུང་བ་དང་། ལྗོངས་ཡོངས་སུ་5Gསྦྲེལ་ཚུགས་10750བསྐྲུན་པ་དང་ལྗོངས་ཡོངས་ཀྱི་འཕྲུལ་སྒྲོམ་ཤོང་ཚད་ཁྲི་1.56ཟིན་པ། ཐོན་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དཔེ་སྟོན་རྣམ་གྲངས་21བཏོད་པ་དང་5Gབཀོལ་སྤྱོད་ཚོད་ལྟ་བྱེད་ས་11སྐྱེད་སྲིང་བྱས་ཡོད།