ཀྲུའུ་ཞི་ཞི་ཅིན་ཕིང་གི་2023ལོའི་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཀྱི་མཇུག་འགྲིལ་མཛད་སྒོའི་ཤིས་ཚིག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཡོད་ཧན་ནེ་སི་པའོ་ཡི་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཀྱི་མཇུག་འགྲིལ་མཛད་སྒོར《མཐུན་སྒྲིལ་མཉམ་ལས་ཟབ་གཏོང་དང་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་བཅག་ནས་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཐུན་མོང་ཐོག་བསྐྲུན་དགོས》ཞེས་པ་འགོ་བརྗོད་དུ་འཁོད་པའི་ཤིས་ཚིག་གསུངས་པ་རེད།
ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་ཚིག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། རྒྱལ་ཁབ་མང་པོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་ཚིག་གིས་གོ་ལ་ཧྲིལ་པོའི་སྒོ་དབྱེ་འཕེལ་རྒྱས་དང་། མཉམ་ལས་གཉིས་ཕན། འབོ་གསེར་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ལ་ཡིད་ཆེས་དང་སྒུལ་ཤུགས་བསྣན་ནས་ཀྲུང་གོས་འཛམ་གླིང་དང་མཉམ་དུ་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་སེམས་མངོན་ཡོད་པའི་ངོས་འཛིན་བྱས་ཤིང་། ཁོང་ཚོས། ཀྲུང་གོ“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་ཁོངས་མི་ཡིན་པའི་ངོས་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཡོངས་ཁྱབ་བདེ་འཇགས་ཡོང་བར་འབད་བརྩོན་བྱེད་པ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་གཞོལ་བཞིན་ཡོད། འཛམ་གླིང་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་མཉམ་ལས་བྱས་ན། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་བཅག་ནས་མིའི་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུ་གཟིངས་ཆེན་པོ་དེ་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གྱི་ཕྱོགས་སུ་སྐྱོད་ཐུབ་ངེས་རེད་ཅེས་བརྗོད་པ་རེད།
ཧིན་རྡུ་ཉི་ཞི་ཡའི་ཇུས་འདོན་ཚོགས་པའི་དཔལ་འབྱོར་དང་བཅའ་ཁྲིམས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཡེ་ཐ·ཕུར་ནཱ་མཱ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་ཚིག་ནང“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་དེ་བྱ་སྤྱོད་དུ་འགྱུར་བ་དང་རེ་འདོད་དེ་དངོས་ཡོད་དུ་འགྱུར་བར་བྱེད་དགོས་པའི”སྐོར་གྱི་རྣམ་བཤད་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་དེ་རྒྱལ་ཁབ་ཁག་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བསམ་འདུན་དང་མཐུན་པ་དང་། འཛམ་གླིང་ཡུན་རིང་ཞི་བདེ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་བསམ་འདུན་དེ་ཕྱོགས་མང་རིང་ལུགས་ཀྱི་ལོ་རྒྱུས་རླབས་རྒྱུན་དང་མཐུན་ནས་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པའི་ངོས་འཛིན་བྱས་པ་རེད།
“ལོ་10ཡི་གོང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་བཏོན་གནང་ནས་རྒྱལ་ཁབ་ཁག་དབར་ཕན་ཚུན་བརྩི་འཇོག་བྱེད་པ་དང་ཕྱི་འབྲེལ་ཐབས་ལམ་ལ་བརྟེན་ནས་ཉམས་ཉེན་སེལ་བ་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད”ཅེས་ཨ་རིའི《གོ་ལ་ཧྲིལ་པོའི་ཐབས་ཇུས་ཆ་འཕྲིན》དུས་དེབ་ཁང་ཝ་ཧྲིང་ཐོན་ཡན་ལག་ཁང་གི་ཧྲེ་ཀྲང་ཝུའེ་ལེན·ཆུང་སིས་བརྗོད་པ་དང་། ཁོང་གིས། ད་ཆ་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་མང་པོ་ཞིག་ལྷོ་ཨ་ཧྥེ་རི་ཁར་མཉམ་དུ་འཛོམས་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ལ་ཞུགས་པ་ལས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་ནས་རྒྱལ་ཁབ་ཁག་སྔ་ཕྱི་བར་གསུམ་དུ་གཅིག་ཏུ་བསྒྲིལ་ཏེ་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་པ་མངོན་ཡོད་ཅེས་བརྗོད་པ་རེད།
སོ་ཏི་ཨ་རབ་ཀྱི་རྒྱལ་སྤྱིའི་གནད་དོན་རིགས་གཅིག་མཁས་ཅན་ཨའེ་ཧ་མའེ་ཏེ·དབྱི་ཕུའུ་ལ་ཤིན་གྱིས་དེའི་ཐད་ངོས་འཛིན་གཅིག་མཐུན་བྱེད་ཅིང་། ཁོང་གིས“ཕན་ཚུན་དབར་གྱི་ཚོང་དོན་གཟིགས་སྐྱོང་སྲིད་ཇུས་དང་སྒྱུར་བཅོས་བྱ་ཐབས་གཞན་དག་རབ་དང་རིམ་པ་ལག་ལེན་བསྟར་བ་བརྒྱུད། འབོ་གསེར་རྒྱལ་ཁབ་ཀྱིས་ཕན་ཚུན་དབར་དང་དེ་བཞིན་རྒྱལ་ཁབ་གཞན་དག་དབར་གྱི་ཚོང་དོན་མ་འཇོག་འགྲོ་འོང་ལ་འགན་ལེན་ནུས་ལྡན་ཐུབ་ཡོད། སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཕན་གྱི་འབོ་གསེར་སྙིང་སྟོབས་རྒྱུན་འཁྱོངས་བྱས་པ་བརྒྱུད། འབོ་གསེར་ལམ་སྲོལ་དེ་གོ་ལ་ཧྲིལ་པོ་བཅོས་སྐྱོང་གསར་སྒྱུར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ལ་གྱུར་ནས་འཛམ་གླིང་འཕེལ་རྒྱས་ལ་བརྟན་པོའི་རང་བཞིན་དང་དྲང་ནུས་རྒྱུན་ཆད་མེད་པར་བསྣན་ཡོད”ཅེས་བརྗོད་པ་རེད།
ནི་ཀྲེ་རི་ཡའི་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲར་སི·ཨོ་ནུའུ་ནཱ་དབྱི་ཀྲུའུ་ཡིས། འབོ་གསེར་རྒྱལ་ཁབ་ཀྱི་ཐུན་མོང་ཁྱད་ཆོས་ནི་དཔལ་འབྱོར་སྤྱི་འབོར་ཆེ་ལ་འཕར་བའི་མངོན་མེད་སྟོབས་ཤུགས་ཆེ་བ་དེ་ཡིན་པ་དང་། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་གྱི་ཁྱད་ཆོས་ནི་གྲོས་མོལ་མཉམ་ལས་ལ་མཐོང་ཆེན་བྱེད་པ་དེ་ཡིན་པའི་ལྟ་ཚུལ་འཛིན་ཞིང་། ཁོང་གིས“ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་སྣ་མང་ཅན་གྱི་ཐོན་ལས་གྲུབ་ཆ། དེ་བཞིན་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་ཁྲོད་ཀྱི་གནས་བབ་བཅས་ལ་བརྟེན་ནས་འབོ་གསེར་མཉམ་ལས་ལམ་སྲོལ་གྱིས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་དངོས་སྒྲུབ་མཉམ་ལས་བྱེད་པ་དང་ཐུན་མོང་དར་རྒྱས་ཡོང་བར་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་པ་དང་འབྲེལ་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་གི་ཡོད”ཅེས་བརྗོད་པ་རེད།
“ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང‘གོ་ལ་ཧྲིལ་པོའི་ལྷོ་ཕྱོགས’ཀྱི་ཁོངས་མི་ཞིག་རེད” ཅེས་ཨ་ཀེན་ཐིན་ལཱ་ཕུའུ་ལཱ་ཐ་རྒྱལ་བཙུགས་སློབ་ཆེན་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་སའེ་པཱ་སི་ཏི་ཨན·ཧྲུར་ཚེས་བརྗོད་པ་དང་། ཁོང་གིས་ཀྲུང་གོས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བར་མཐའ་གཅིག་ཏུ་གཞོལ་བཞིན་ཡོད། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འབོ་གསེར་མཉམ་ལས་ལམ་སྲོལ་གྱི་ལས་སྟེགས་འདི་བརྒྱུད་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་དེ་བས་ཆེ་བ་བཏོན་ཡོད། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་འོག་འདིར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས། དེང་སྐབས། ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་བཏོད་ནས་དེང་རབས་ཅན་གྱི་རྣམ་པ་གསར་པ་མངོན་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུཊ་ཆེ་བ་དང་། མངོན་མེད་སྟོབས་ཤུགས་ཆེ་བ། གསོན་ཤུགས་རྒྱས་པ་བཅས་ཡོད་པས་དུས་ཡུན་རིང་པོ་ལེགས་པའི་ཕྱོགས་ཀྱི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་འགྲོ་མི་སྲིད་པ་དང་། ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་རླུང་བརྟེན་རླབས་གཤགས་ཀྱིས་མུ་མཐུད་མདུན་དུ་སྐྱོད་རྒྱུ་རེད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་རེད་ཅེས་བསྟན་གནང་ཡོད།
ཧྥ་རན་སེའི་ཕ་རི་སི་ཧྥ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཡ་ཆི་ཏེ·པུན་ཧ་སྨིས། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་གོའི་དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་པ་འཛམ་གླིང་གིས་འདེན་དཔང་བྱས་ཡོད། ཧ་ཅང་ཆེ་བའི་ཁྲོམ་ར་ཡོད་པའི་ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད། གཞན་ཡང་། ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་མཉམ་ལས་ནང་ཀྲུང་གོས་གཉིས་ཁེ་གཉིས་ཕན་གྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་བཟུང་སྟེ་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་འདི་དག་ལ་དཔལ་འབྱོར་གྱི་བརྟན་པོའི་རང་བཞིན་ཆེ་རུ་གཏོང་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་བྱེད་རོགས་བྱས་ཡོད་ཅེས་བརྗོད་པ་རེད།
ཨུ་ཟ་བྷེ་ཁི་སི་ཐན་གྱི་ཆབ་སྲིད་དབྱེ་ཞིབ་མི་སྣ་ཁུར་པན་ནོ་ཧྥུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་ཚིག་ནང་ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་དབྱེར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བའི་ཆོད་སེམས་མངོན་པ་མཐོང་ཐུབ་ཅེས་བརྗོད་པ་དང་། ཁོང་གིས་ཀྲུང་གོས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མིག་དཔེ་བཏོད་ཡོད། ཀྲུང་གོས་དཔལ་འབྱོར་གྱི་སྤྱི་འབོར་དང་། དཔལ་འབྱོར་འཕར་ཚད། དེ་བཞིན་ཚན་རྩལ་སོགས་ཁྱབ་ཁོངས་མང་པོའི་འཕེལ་རྒྱས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་རྒྱལ་ཁབ་ཁག་གི་དཔལ་འབྱོར་སླར་གསོ་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་རེད་ཅེས་བརྗོད་པ་རེད།