རི་པིན་གྱིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་འགོ་བཙུགས་པར་ཁྲའོ་ཞན་གྱིས་རྒོལ་གཏམ་དྲག་པོ་བཏང་བ།
ཚེས་24ཉིན་ཁྲའོ་ཞན་གྱི་ཕྱི་དོན་ཧྲེང་གི་མགྲིན་ཚབ་པས་གཏམ་བཤད་སྤེལ་ཏེ། རི་པིན་གྱིས་ཉིན་དེར་ཕུའུ་ཏའོ་ཡི་ཉིང་རྡུལ་གློག་ཁང་དང་པོའི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་འགོ་བཙུགས་པ་དེ་ནི་སའི་གོ་ལའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བ་དང་། མི་རིགས་ཀྱི་འཚོ་གནས་ལ་འཇིགས་སྐུལ་བཟོ་བའི་བྱེད་སྤྱོད་ཅིག་རེད་ཅེས་རྒོལ་གཏམ་དྲག་པོ་བཏང་བ་རེད།
ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བའི་ནང་ཕྱི་དོན་ཧྲེང་གི་མགྲིན་ཚབ་པའི་གཏམ་བཤད་དྲངས་ཏེ། རི་པིན་གྱིས་རྒྱལ་ཁབ་ཕྱི་ནང་གི་རྒོལ་གཏམ་དྲག་པོ་དང་། ངོ་རྒོལ། ཐ་ཚིག་བསྒྲགས་པ་བཅས་སྣང་མེད་དུ་བཏང་ནས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་པའི་འཆར་གཞི་ཨ་ན་ཨུ་ཚུགས་ཀྱིས་ལག་ལེན་བསྟར་བ་དེ་ནི་སྒེར་སེམས་ཁོ་ན་བཅངས་ནས་མིའི་རིགས་ལ་ཉིང་རྡུལ་གྱི་གོད་ཆག་བཟོ་བའི་མི་ཆོས་ལས་བརྒལ་བའི་ཉེས་གསོག་བྱེད་སྤྱོད་ཅིག་རེད་ཅེས་བརྗོད་ཡོད།
གཏམ་བཤད་ནང་རི་པིན་ཕྱོགས་ལ་མིའི་རིགས་ཀྱི་ཚེ་སྲོག་བདེ་འཇགས་དང་འབྱུང་འགྱུར་ལ་འཇིགས་སྣང་ཚབས་ཆེན་བཟོ་བའི་ཉེན་ཁ་ཤིན་ཏུ་ཆེ་བའི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་པའི་འཆར་གཞི་འཕྲལ་མར་མཚམས་འཇོག་བྱ་རྒྱུའི་སྐུལ་མ་བཏང་བ་དང་འབྲེལ། ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་ནས་བཟོས་པའི་གེགས་བར་རང་བཞིན་གྱི་མཇུག་འབྲས་ཚང་མའི་འགན་རི་པིན་ཕྱོགས་ཀྱིས་འཁུར་དགོས་པའི་ཐ་ཚིག་ཀྱང་བསྒྲགས་ཡོད།