ཡར་ཀླུང་གཙང་པོའི་ངོགས་ཀྱི་གཡུ་ཡི་གཞོང་པ་ལྟ་བུའི་གདོང་དཀར།
—— ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་གཞིས་རྩེ་གདོང་དཀར་དུམ་བུའི་སྐྱེ་ཁམས་ཉམས་གསོའི་ཕན་འབྲས་མངོན་གསལ་དོད་པ།
འདི་ནི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་གདོང་དཀར་དུམ་བུ་བཅོས་སྒྲིག་བྱས་རྗེས་ཀྱི་རྣམ་པ་ཡིན་པ།
དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་འདི་བཤེར་རོགས།
འདི་ནི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་གདོང་དཀར་དུམ་བུ་བཅོས་སྒྲིག་བྱས་རྗེས་ཀྱི་རྣམ་པ་ཡིན་པ།
འདི་ནི་ཁོར་ཡུག་སྲུང་སྐྱོང་དང་བླངས་པས་གད་སྙིགས་སྒྲུག་བཞིན་པ།
འདི་ནི་གདོང་དཀར་ཤང་གི་ལས་དོན་མི་སྣས་ཆུ་ཁར་སྐོར་ཞིབ་བྱེད་བཞིན་པ།
འདི་ནི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་གདོང་དཀར་དུམ་བུ་བཅོས་སྒྲིག་བྱས་རྗེས་ཀྱི་རྣམ་པ་ཡིན་པ།
གཞིས་རྩེ་གྲོང་ཁྱེར་ནས་རྡོག་ཐོན་བྱས་ཏེ་རྒྱལ་ལམ་349བརྒྱུད་ནས་སྐྱོད་སྐབས། སྣུམ་ནག་གཞུང་ལམ་ཡངས་ཤིང་ཁོད་སྙོམས་པ་དང་། གཞུང་ལམ་གྱི་གཡས་གཡོན་གཉིས་སུ་ཡུག་གཅིག་ཏུ་སྦྲེལ་བའི་ལྗོན་ཤིང་དག་ནི་ཕར་འགྲོ་ཚུར་འོང་གི་འགྲུལ་བཞུད་པར་སྐྱེལ་བསུ་བྱེད་མཁན་གྱི་མགྲོན་བསུ་བ་རེ་རེ་དང་འདྲ་བར། རླུང་པོའི་རྒྱུ་ཕྱོགས་དང་བསྟུན་ནས་མགོ་ལྕོག་ལྡེམ་ལྡེམ་བྱེད། འོན་ཏེ་ལོ་ངོ་བཅུ་ཕྲག་ཁ་ཤས་གོང་དུ། གནས་དེ་ནི་བྱེ་རླུང་གིས་ཁ་ལོ་བསྒྱུར་བའི་སྐྱ་ཐེར་ཐེར་གྱི་ཐང་རྒོད་ཅིག་དང་། བྱེ་མ་སྔོག་འདོན་ཀུང་སི་མང་པོའི་བྱེ་མ་བསྔོག་ཡུལ་ཡིན་པ་ཤེས་མཁན་ཉུང་།
སྐྱེ་ཁམས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པའི་འདས་སོང་གི་རྣམ་པ།
སྔར་སོང་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་གདོང་དཀར་དུམ་བུར་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ནས་ས་ཁོངས་དེར་སྔོ་ཁེབས་ཉུང་བ་དང་། བྱེ་འགྱུར་ཚབས་ཆེ་བ།
ལག་ཁྱེར་མེད་པར་བྱེ་མ་སྔོག་འདོན་དང་བྱེ་མ་ཚད་ལས་བརྒལ་ཏེ་སྔོག་པའི་སྣང་ཚུལ་ཧ་ཅང་ཚབས་ཆེན་པོ་ཡོད། བྱེ་མ་སྔོག་ས་ཁག་གཅིག་ལ་ལྕགས་དྲ་ཙམ་ལས་བསྐོར་མེད་པ་དང་། ཁ་ཤས་ནི་ཐད་ཀར་ཆུ་ལམ་ནས་བྱེ་མ་བསྔོགས་པས་ཉེ་འཁོར་གྱི་ཁོར་ཡུག་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས།
སྔོག་འདོན་འཕྲུལ་ཆས་བཅུ་ཕྲག་གིས་ཆུ་ལམ་དུ་འུར་སྒྲ་དང་བཅས་བྱེ་མ་སྔོག་པ་དང་། ཆུ་ལམ་གྱི་གཞོགས་གཉིས་སུ་རླངས་འཁོར་བང་རིང་པོ་བསྒྲིགས་ནས་བྱེ་མ་དབོར་བཞིན་ཡོད་པས། བྱེ་རླུང་ལྡང་སྟེ་ཡུལ་ལུང་རྡུལ་གྱིས་བསྒྲིབས་པ་དང་། ས་གནས་དེ་གའི་སྐྱེ་ཁམས་དང་ཆུ་ལོག་སྔོན་འགོག་གི་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་བཟོ་ཡི་ཡོད།
གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་བསམ་གྲུབ་རྩེ་ཆུས་ཡན་ལག་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསོད་ནམས་སྒྲོལ་དཀར་གྱིས་གསར་འགོད་པར། “2015ལོའི་གོང་དུ། ས་ཆ་འདིར་བྱེ་འདོན་ར་བ་14ཡོད། ཁེ་ལས་ཁ་ཤས་ཀྱིས་ཁེ་བཟང་གི་ཆེད་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྣང་མེད་དུ་བཏང་སྟེ། རང་དགར་ལག་ཁྱེར་མེད་པ་དང་། ཁྲིམས་ལས་འགལ་བ། ཚད་ལས་བརྒལ་ཏེ་བྱེ་མ་སྔོག་པའི་སྣང་ཚུལ་ཧ་ཅང་ཚབས་ཆེན་པོ་ཡོད། བྱེ་མ་བསྔོགས་ཁྱོན་ཆེ་དྲགས་ནས་སྐྱེ་ཁམས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་སྟབས། རླུང་བུ་ལྡང་ཚེ་གང་སར་བྱེ་རྡུལ་ལངས་ནས་ཉེ་འགྲམ་གྱི་མི་སེར་གྱི་རྒྱུན་གཏན་འཚོ་བ་དང་ལུས་སེམས་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་བཟོ་གི་ཡོད། དཔེ་ཆ་བཞག་ན། ཉེ་འགྲམ་གྱི་གྲོང་མིས་རང་ཁྱིམ་གྱི་ཉི་ཁྱམས་ནང་དགོང་མོ་དུང་བན་དུ་ཆུ་གང་བླུགས་ནས་བཞག་ན། ཉིན་གཉིས་པར་ཐལ་རྡུལ་ཧའོ་སྨི་གཅིག་གམ་གཉིས་ཁ་ལ་འཁོར་གྱི་ཡོད་ཅེས་བརྗོད།
རིགས་གཅིག་མཁས་ཅན་གྱིས་གསུངས་པར། ཁྲིམས་འགལ་གྱིས་བྱེ་མ་སྔོག་འདོན་བྱས་པ་ལས་ཤུགས་རྐྱེན་ངན་པ་མང་པོ་ཐེབས་པ་སྟེ། གཅིག་ནས་ཆུ་ནང་གི་སྐྱེ་དངོས་ལ་གཏོར་སྐྱོན་ཕོག་ནས་ཡར་ཀླུང་གཙང་པོའི་སྐྱེ་ཁམས་ལ་ཤུགས་རྐྱེན་བཟོ་བ་དང་། གཉིས་ནས་ས་འོག་གི་ཆུ་ཉུང་དུ་དང་ཆུ་སྤུས་ཞན་དུ་ཕྱིན་ནས། གཙང་རྒྱུད་དུ་འཚོ་བའི་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་པ། གསུམ་ནས་བྱེ་མ་ཚད་ལས་བརྒལ་བ་བསྔོགས་ཚེ། ཆུ་ལམ་གྱི་ས་ངོས་ཆགས་ཚུལ་དང་ས་དབྱིབས་ལ་འགྱུར་ལྡོག་ཤུགས་ཆེན་ཐེབས་ནས། ཆུ་རགས་དང་འབྲུབ་འགོག་བདེ་འཇགས་ལ་ཉེན་ཁ་བཟོ་ཡི་ཡོད།
བྱེ་འགོག་བྱེ་བཅོས་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་བ།
2015ལོར་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་གདོང་དཀར་དུམ་བུའི་ཆུ་ལམ་གྱི་བྱེ་འདོན་ཁོར་ཡུག་གནད་དོན་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྒོ་བྱང་བཀལ་ནས་ལྟ་སྐུལ་བྱས་ཏེ་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། བསམ་གྲུབ་རྩེ་ཆུས་ཀྱིས“ཁོངས་གཏོགས་ཁུལ་ལ་བཅོས་སྒྲིག་བྱེད་པའི”འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་པ་དང་། ས་ཁོངས་ཀྱི་བྱེ་མ་སྔོག་སར་གཙང་བཤེར་དང་བཅོས་སྒྲིག་གི་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་བྱས་པ། བཅོས་སྒྲིག་གི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་དང་བཀོད་གཏོང་ཐེངས་མང་བྱས་ཏེ་ཆེད་དོན་བཅོས་སྒྲིག་ཇུས་གཞི་བཟོ་བ་དང་། ཆེད་དོན་ལས་དོན་འགོ་ཁྲིད་ཚོགས་ཆུང་འཛུགས་པ། འགོ་ཁྲིད་གཙོ་བོའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་དང་རིམ་པ་ཁག་གི་འགན་འཁྲི་ཆེ་རུ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཛུགས་པ་བཅས་བྱས་ནས། འཕྲལ་མར་བཅོས་སྒྲིག་དང་ཁས་ལེན་ཡི་གེ་བཞག་སྟེ་བཅོས་སྒྲིག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པ་རེད།
2017ལོའི་ཟླ་དང་པོ་ནས་བཟུང་བསམ་གྲུབ་རྩེ་ཆུས་ཀྱིས་གཙང་པོ་རྒྱུག་ཁུལ་དེར་ཁྱོན་ཡོངས་ནས་བྱེ་མ་སྔོག་འདོན་གཏན་འགོག་དང་། བྱེ་མ་སྔོག་ས་ཁག་སྒོ་བརྒྱབ་ཏུ་བཅུག་པ། ཁེ་ལས་ཁག་ལ་དུས་བཀག་ནང་སྒྲིག་ཆས་བཤིག་ཏུ་བཅུག་ནས་བྱེ་དོང་ཁོད་སྙོམས་སུ་བཅུག་པ་མ་ཟད། གྲོང་ཁྱེར་དང་ཆུས་རིམ་པ་གཉིས་ཀྱིས་ཁྱོན་མ་དངུལ་སྒོར་ཁྲི་1505.54བཏང་ནས་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་གདོང་དཀར་དུམ་བུའི་བྱེ་མ་སྔོག་ས་14ཁྲིམས་ལྟར་མེད་པར་བཟོས་པ་རེད།
སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་སུ་གཏོང་ཆེད། 2017ལོ་ནས་2018ལོའི་བར་དེ་སྔའི་བྱེ་མ་སྔོག་ཡུལ་དུ་འོས་འགན་ཤིང་འཛུགས་དང་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་ཉམས་གསོའི་འདུ་འགོད་ལག་ལེན་བསྟར་ནས། ལས་བྱེད་ལས་བཟོ་དང་ཏང་ཡོན། མང་ཚོགས་བཅས་སྐུལ་སློང་གིས་དཀའ་ངལ་ལ་དཔའ་མི་ཞུམ་པར་བློ་བརྟན་འགྱུར་མེད་ངང་འབད་བརྩོན་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས། གྲམ་ཐང་དེར་རྒྱ་ལྕང་དང་། སྦྱར་སྡོང་། གསོམ་སྡོང་སོགས་རིགས་མི་འདྲ་བའི་སྡོང་ཕྲུག་བཙུགས་ཏེ་ཤིང་འཛུགས་ནགས་བཟོ་མུའུ་4000ལྷག་ཙམ་བྱས་ནས་གདོང་དཀར་ལ་ལྗང་མདོག་གི་སྲུང་བཅད་ཅིག་བསྐྲུན་པར་བརྟེན། སྔོན་མ་རླུང་བུ་ལྡང་དུས་བྱེ་རྡུལ་གྱིས་ཁེངས་པ་དང་ཆར་པ་འབབ་དུས་འདམ་གྱིས་ཁེངས་པའི་རྣམ་པར་རྦད་དེ་འགྱུར་ལྡོག་བྱུང་ཡོད།
མིག་སྔར། ས་ཁོངས་དེར་ལྕང་མའི་སྐྱེ་འཚར་བཟང་ཞིང་། གྲམ་ཐང་སྔོ་ལྗང་དུ་གྱུར་ནས་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་གདོང་དཀར་དུམ་བུའི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། བྱེ་རླུང་གི་གནོད་འཚེ་གཞི་རྩའི་ཆ་ནས་འཇགས་པ། ལོ་ཉི་ཤུ་ལྷག་ཙམ་རིང་གི“སྐྱེ་ཁམས་ཀྱི་གནོད་འཚེ”ཕྱོགས་ཡོངས་ནས་བསལ་ཏེ། ཆུ་ལམ་གྱི“ཆུ་ལོག་སྔོན་འགོག་དང་། ཆུ་འདྲེན། སྐྱེ་ཁམས”བཅས་ཀྱི་བདེ་འཇགས་ལ་འགན་ལེན་ནུས་ལྡན་ཐུབ་པར་བརྟེན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་2017ལོའི་ཟླ་4པར་སྒོ་བྱང་འབེབས་རྒྱུའི་བརྡ་ཐོ་བཏང་ནས། སྒོ་བྱང་ཕབ་སྟེ་ཐོ་ཁུངས་བསུབ་པར་མོས་མཐུན་བྱས་པ་རེད།
མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ།
མང་ཚོགས་ཚོས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་ལ་སྔར་བས་ཤེས་རྟོགས་ཐུབ་པ་དང་། གཙང་པོ་དང་ཆུ་བོར་སྲུང་སྐྱོང་བྱེད་པའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ། བྱ་སྤྱོད་དངོས་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བ་བཅས་བྱ་ཆེད། དུས་རྒྱུན་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ལས་དོན་མི་སྣས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་གཅིག་སྡུད་ཐོག་སྒྲོག་འགྲེལ་དང་། དྲིལ་བསྒྲགས་པར་གཞི་དང་། ལག་ཐོགས་ཁ་པར་གྱི་འཕྲིན་ཐུང་། ས་གནས་ས་ཐོག་ཏུ་བློ་འདྲི་སོགས་ཀྱི་བྱེད་ཐབས་བརྒྱུད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་རེད།
འབྲེལ་ཡོད་ལས་དོན་པས་གོ་བདེ་ཤེས་སླའི་སྐད་ཆ་ནས་ངང་རྒྱུད་རིང་པོས་ཆུ་དཔོན་ལམ་ལུགས་ཀྱི་འཕེལ་རིམ་དང་། འབྲེལ་ཡོད་སྲིད་ཇུས་ཤེས་བྱ་དང་དེ་བཞིན་ཆུ་ལམ་དང་ཆུའི་ཐོན་ཁུངས་སྲུང་སྐྱོང་གི་བླང་བྱ་དང་བྱ་ཐབས་སོགས་ཀྱི་ནང་དོན་ལ་འགྲེལ་བཤད་བརྒྱབ་ནས། ཆུ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བའི་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་མང་ཚོགས་ཚོས་སྔར་བས་ཤེས་རྟོགས་ཐུབ་པར་བྱས་ཏེ། ཆུའི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་བས། དམངས་ཡོངས་ལ་ཆུ་གཅེས་ཆུ་སྲུང་གི་གོམས་གཤིས་བཟང་པོ་ཞིག་འཇགས་ཡོད།
བསོད་ནམས་སྒྲོལ་དཀར་གྱིས། “ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་གདོང་དཀར་དུམ་བུ་དེ་ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་གནས་པ་དང་། ཁྲུང་ཁྲུང་སྐེ་ནག་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དང་བར་ཆོད་ཁུལ་ཞིག་རེད། ད་བར་ང་ཚོས“གཙང་པོ་དང་ཆུ་བོའི་ཟང་ཟིང་བཞི་བཅོས་སྒྲིག”རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་ལ་མུ་མཐུད་སྐུལ་འདེད་ཧུར་ཐག་བཏང་བ་དང་། “ཆུ་དཔོན་ལམ་ལུགས”ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ཧུར་ཐག་བྱས་པ། སྡེ་ཚན་གཞན་དག་དང་མཉམ་ལས་བྱས་ནས་ཆུ་བོར་སྐོར་ཞིབ་དང་ཆུ་ལམ་གཙང་སེལ་སོགས་བྱས་ཏེ་ཆུ་ཁོངས་ཀྱི་ཁོར་ཡུག་ལེགས་བཅོས་བྱས་པ། “ཆུ་གཙང་འདུ་འགོད་དང་ཆུ་དཔོན་ལམ་ལུགས”ཀྱི་ལས་དོན་དོན་འཁྱོལ་ལ་སྔར་བས་སྐུལ་འདེད་བཏང་སྟེ་ཆུའི་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་གི་ཡོད། ད་དུང་ང་ཚོས་ཆུ་དཔོན་ལམ་ལུགས་ཀྱི་དྲིལ་བསྒྲགས་ལས་དོན་མུ་མཐུད་ཧུར་ཐག་སྤེལ་ནས། གཙང་པོ་དང་མཚོའི་སྲུང་སྐྱོང་ཤེས་བྱ་སྡེ་ཁུལ་དང་། སློབ་གྲྭ ལས་ཁུངས། གྲོང་གསེབ་བཅས་སུ་ཁྱབ་པར་བྱས་ནས། མང་ཚོགས་དེ་བས་མང་བ་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ནང་ཞུགས་པར་སྐུལ་ལྕག་བྱེད་ཀྱི་ཡིན”ཞེས་བརྗོད་པ་དང་། ཁོང་གིས། ཕྱིས་སུ་ང་ཚོས་ཆུ་དཔོན་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་དེ་དམ་འཛིན་བྱ་གཞིར་བྱས་ཏེ། རྒྱུན་གཏན་གྱི་སྐོར་ཞིབ་ལས་དོན་ནན་ཏན་ངང་སྤེལ་བ་དང་། བཅོས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། རྣམ་པ་མང་བའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བཅས་བྱས་ནས། མང་ཚོགས་གཙང་པོ་དང་མཚོ་སྲུང་སྐྱོང་ལས་དོན་ནང་ཞུགས་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་ནས། མཉམ་སྐྲུན་དང་། མཉམ་སྐྱོང་། མཉམ་སྤྱོད་བཅས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་རྣམ་པ་བཟང་པོ་ཞིག་གཏོད་ཀྱི་ཡིན་ཞེས་བརྗོད།