དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆེད་དོན་བཅོས་སྒྲིག་མུ་མཐུད་གཏིང་ཟབ་ཏུ་བཏང་བ།

    ནུས་པ་དང་ཕན་འབྲས་ལྡན་པའི་ལྟ་སྐུལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་གཞོགས་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-29

    ཞིབ་བཤེར་བྱས་པ་བརྒྱུད་2016ལོ་ནས་2021ལོའི་བར། གཞིས་རྩེ་གྲོང་ཁྱེར་གྱི་རྫོང་ཞིག་གི་ལས་བྱེད་པས་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་སྔ་རྗེས་སུ་དོ་དམ་དང་ཞབས་འདེགས་ཞུ་ཡུལ་10ལྷག་ཙམ་ལ་གྲོང་གསེབ་ཀྱི་འཐུང་ཆུའི་ལས་གྲྭ་དང་། ཐོན་ལས་རྣམ་གྲངས་འཛུགས་སྐྲུན། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་སོགས་རྣམ་གྲངས་མང་པོའི་འཆར་འགོད་དང་། འཛུགས་སྐྲུན། སྤུས་ཚད་ལྟ་སྐུལ། སྒྲིག་བཀོད་དང་སྒྲིག་ཆས་ཉོ་སྒྲུབ། མ་དངུལ་སྤྲོད་པ་སོགས་ཀྱི་ཐད་རོགས་རམ་བྱས་ནས་མི་གཞན་གྱིས་སྤྲད་པའི་དངུལ་སྨར་དང་རྒྱུ་ནོར་སོགས་བླངས་པ་རེད། དེ་དང་ཆབས་ཅིག་ལས་བྱེད་པ་དེར་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གཞན་དག་ཡོད་པས། མཐར་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་བཅད་པ་དང་། ལྐོག་རྔན་བླངས་པའི་ཉེས་པ་བསགས་པའི་རྐྱེན་གྱིས་དུས་བཀག་བཙོན་འཇུག་ལོ་བཅུ་དང་ཟླ་བ་གསུམ་གྱི་ཁྲིམས་ཆད་བཅད་པ་རེད། འདི་ནི་2023ལོའི་ཟླ་6པར་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ཀྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གྱི་དཔེ་མཚོན་གྱོད་དཔེ་3བརྡ་ཁྱབ་བཏང་བའི་ཁྲོད་ཀྱི་གྱོད་དཔེའི་གྲས་ཤིག་རེད།

    ཀྲུང་དབྱང་སྒྲིག་ཨུད་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ཀྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ཆེད་དོན་བཅོས་སྒྲིག་ཧུར་ཐག་བྱས་ནས་གཙོ་གནད་རྣམ་གྲངས་དང་། མ་དངུལ་གཙོ་བོ། ལྷུ་ཚིགས་གལ་ཆེན་བཅས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་རྒྱུ་ནོར་དང་མཉམ་སྡེབ་ཀྱི་རྒྱུ་ནོར་ལ་དོ་དམ་བྱས་ནས། ཞིང་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་བྱས་ཡོད། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་སྒྲིག་ཨུད་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ཀྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་གཞོགས་འདེགས་བྱས་ཡོད།

    སྲིད་ཇུས་དོན་འཁྱོལ་དང་། ཐོན་ལས་དབུལ་སྐྱོར། མང་ཚོགས་འབབ་འཕར་སོགས་གྲོང་གསེབ་དར་རྒྱས་ཁྱབ་ཁོངས་སུ་གནས་པའི་མངོན་གསལ་དོད་པའི་གནད་དོན་བཙལ་འཚོལ་འཕྱུགས་མེད་བྱ་ཆེད། འདི་ལོའི་ཟླ་5པ་ནས་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོ་ཆབ་མདོ་དང་། ཉིང་ཁྲི། ལྷོ་ཁ་སོགས་དང་དེ་བཞིན་རྫོང་དང་། ཆུས། ཤང་། གྲོང་རྡལ་བཅས་ཁག་གཅིག་ཏུ་ཐེངས་མང་བསྐྱོད་དེ་བརྟག་ཞིབ་བྱས་པ་དང་། ཤེས་རྟོགས་བྱུང་བའི་གནད་དོན་དང་ལྷག་པར་དུ་ཡོངས་ཁྱབ་རང་བཞིན་དང་ལམ་ལུགས་རང་བཞིན་གྱི་གནད་དོན་དང་། ཐག་གཅོད་ཐུབ་མེད་པའི་གནད་དོན་རྙིང་པ་དང་དཀའ་གནད་དང་ཕུངས་གསོག་ཐེབས་པའི་གྱོད་གཞི། སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་དང་འབྲེལ་བ་ཡོད་པའི་གཏིང་ཟབ་ཅིང་འགག་རྩའི་རང་བཞིན་གྱི་གནད་དོན་བཅས་ལ་འབྱུང་རྩ་ནས་འཚོལ་ཞིབ་ཡང་དག་དང་ཕན་ནུས་ལྡན་པའི་གྲོས་འགོ་བཏོན་པ་མ་ཟད། དུས་ཐོག་ཏུ་འབྲེལ་ཡོད་ས་གནས་ཏང་ཨུད་དང་། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས། ལས་རིགས་སྡེ་ཚན་གྱི་ཏང་ཙུའུ་བཅས་ལ་ཚུར་ལན་སྤྲད་དེ་རིམ་པ་བཞིན་འགན་འཁྲི་ཏན་ཏིག་སྒྲུབ་པར་སྐུལ་འདེད་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ཡོད།

    ལྗོངས་རང་བྱུང་ཐོན་ཁུངས་ཐིང་དུ་བཅའ་སྡོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས་ལག་བསྟར་བསམ་འཆར་གྱི་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལྟ་སྐུལ་ལས་དོན་གྱི་ཆེད་དོན་ཚན་ཁག་བཙུགས་ནས་ཕྱོགས་བསྡུས་ལྟ་སྐུལ་ཚན་པ་དང་འབྲེལ་བ་ཡོད་པའི་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་དང་། ཞིང་ལས་དང་གྲོང་གསེབ་ཐིང་། གྲོང་གསེབ་དར་རྒྱས་ཅུས། སྐྱེ་ཁམས་ཁོར་ཡུག་ཐིང་། ནགས་ཚལ་དང་རྩྭ་ཐང་ཅུས་སོགས་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་ནས། གྲོང་གསེབ་དར་རྒྱས་གཏོང་བའི་ཁྱབ་ཁོངས་ཀྱི་སྲིད་ཇུས་དོན་འཁྱོལ་དང་། འགན་འཁྲི་དོན་འཁྱོལ། རྣམ་གྲངས་ཀྱི་མ་དངུལ་བེད་སྤྱོད། འགོ་ཁྲིད་ལས་བྱེད་པའི་འགན་སྒྲུབ་སོགས་ཐད་ལྷག་པའི་གནད་དོན་ཆེ་གྲས་4ཡི་གནད་དོན་20ལྷག་ཙམ་གཙོ་གནད་ཐོག་ཤེས་རྟོགས་དང་ཡོ་བསྲང་བྱས་པ་དང་འབྲེལ། གསལ་ཐོ་རྣམ་པའི་དོ་དམ་ལག་བསྟར་བྱས་ཏེ་གནད་དོན་རེ་རེ་བཞིན་དག་ཐེར་གནད་ལ་འཁེལ་བའི་འགན་ལེན་བྱས་ཡོད།

    ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གནད་དོན་གྱི་ཁུངས་སྣེ་ཁོང་དུ་ཆུད་པའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས། “ལྟ་སྐུལ་ཁག་བཞི”འབྲེལ་མཐུད་དང་མཉམ་འདྲེས་ཐུབ་པ་དང་། ནོར་སྲིད་དང་། རྩིས་བཤེར། ཞིང་ལས་དང་གྲོང་གསེབ་སོགས་འགན་ནུས་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་པར་ཤུགས་སྣོན་བརྒྱབ་པ། ཕྱོགས་མང་པོ་ནས་གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ཀྱི་གནད་དོན་གྱི་ཁུངས་སྣེ་ཤེས་རྟོགས་བྱས་པ་དང་འབྲེལ་གནད་དོན་གྱི་ཁུངས་སྣེར“མཐིལ་རྟོགས་ཆེན་པོ”བྱས་ནས། ཆེད་དོན་རྩིས་ཁྲ་བཟོ་བ་དང་རྩིས་ཁྲའི་ཆ་འཕྲིན་འགུལ་རྣམ་གསར་བརྗེ་བྱས་ཏེ་གནད་དོན་གྱི་ཁུངས་སྣེ་བདག་སྤྲོད་བྱས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ཡོད། གཙོ་གནད་ཁྱབ་ཁོངས་དང་། འགག་རྩའི་ལས་གནས། འགག་རྩའི་ལྷུ་ཚིགས་བཅས་ལ་དམིགས་ཏེ་མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ནས། མི་185ལ་སྐྱོན་བརྗོད་སློབ་གསོ་རོགས་རམ་དང་ཐག་གཅོད་བྱས་པའི་ནང་གི་མི་64ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཡོད།

    ཆབ་མདོ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཐོན་ལས་འཕེལ་རྒྱས་རྣམ་གྲངས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ཏང་ཡོན་ལས་བྱེད་པས་སྒྲིག་འགལ་ངང་རྣམ་གྲངས་འཛུགས་སྐྲུན་ལ་ཐེ་ཇུས་དང་། ཕྱི་ནང་ངན་འབྲེལ། རྒྱུ་དབང་ཉོ་ཚོང་སོགས་ཀྱི་རུལ་སུངས་བྱེད་སྤྱོད་ལ་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱས་པ་རེད། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གཞི་རིམ་གྱི་རུལ་སུངས་ཙག་ཙིག་དང“དཔོན་ཆུང་གིས་ལྐོག་ཟ་ཆེན་པོ་བྱེད་པར”དམིགས་ཏེ། རྫོང(ཆུས)འགན་ནུས་སྡེ་ཚན་དང་། ཤང(གྲོང་རྡལ)གི་རྣམ་གྲངས་གཏན་འཁེལ་བྱེད་དབང་། མ་དངུལ་བགོ་བཤའ་རྒྱག་དབང་། སྤྱི་ཕན་རང་བཞིན་གྱི་ལས་གནས་དང་སྐྱེ་ཁམས་ལས་གནས་སོགས་ལས་མི་བཀོལ་སྤྱོད་དབང་ཆ་བཅས་ལ་དམ་པོར་དམིགས་ཏེ། དབང་ཆར་བརྟེན་ནས་སྒེར་དོན་གཉེར་བ་དང་འགན་དབང་གང་བྱུང་དུ་སྤྱོད་པའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པ་རེད། ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གྲོང་ཚོ་རིམ་པའི“མ་དངུལ་གསུམ”དང་དམངས་ཕན་ཞིང་ཕན་མ་དངུལ་དོ་དམ་ལ་དམིགས་ཏེ། ཤང་དང་གྲོང་ཚོའི་ནོར་དོན་མི་སྣའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་པ་དང་། མང་ཚོགས་ཀྱི་མ་དངུལ་དང་མཉམ་སྡེབ་ཀྱི“མ་དངུལ་གསུམ”སྒྲིག་འགལ་ངང་སྤྱོད་པ་དང་ལྐོག་ཟ་སྒེར་སྤྱོད་བྱས་པ་དང་ནོར་སྲིད་ཀྱི་མ་དངུལ་གཡོ་ལེན་སོགས་ཀྱི་གནད་དོན་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱས་པ་རེད། མིག་སྔའི་བར་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“གཱ་གཅིག་ཀུན་འཐུས”དོ་དམ་དང་བེད་སྤྱོད་ཚད་ལྡན་མེད་པ་དང་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་སྤྲོད་རྒྱུ་གནད་ལ་མི་འཁེལ་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཁག་2100ལྷག་ཙམ་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ་དང་མི་15ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཡོད།

    “ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མི་ལ་སློབ་གསོ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེའི་བསླབ་བྱ་གཏིང་ཟབ་བླངས་ནས། རུལ་རྒོལ་འགྱུར་འགོག་གི་མཐའ་ཚད་བརྟན་པོ་འཛུགས་དགོས”ཉེ་ཆར་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ལྟ་ཞིབ་ཨུ་ལྷན་གྱིས་རྫོང་དེའི་ཤང་དང་གྲོང་རྡལ་ཁག་དང་དེ་བཞིན་འབྲེལ་ཡོད་འགན་ནུས་སྡེ་ཚན་ལ་ལྟ་ཞིབ་ཀྱི་གྲོས་འགོ་བཏོན་ནས། ཟུར་བསྟན་ལེབ་མཐོང་དང་། ལམ་ལུགས་ཀྱི་སྐྱོན་ཆ་དང་ལྟ་འདོམས་ཀྱི་ཁུག་ཆ་ཕྱོགས་ཡོངས་ནས་གསེད་དཀྲོལ་བྱེད་པ། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལམ་ལུགས་ལག་བསྟར་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི་ཟླ་12པར་སྐབས་དེ་དུས་སྙེ་མོ་རྫོང་གི་ཤང་དང་གྲོང་རྡལ་ཞིག་གི་ལས་བྱེད་པས་ལས་གནས་ཀྱི་སྟབས་བདེ་སྤྱད་དེ། དམངས་ཕན་ཚགས་ཤ་འཚོང་བའི་གོ་སྐབས་དང་བསྟུན་ནས་དམངས་ཕན་ཚགས་ཤ་བཙོངས་པའི་མ་དངུལ་སྒོར་ཁྲི་24ལྷག་ཙམ་སྒེར་སྤྱོད་བྱས་པ་དང་དེའི་ཁྲོད་ཀྱི་སྒོར་ཁྲི་18ལྷག་ཙམ་དྲ་རྒྱའི་རྒྱན་འགྱེད་ཐད་སྤྱད་པ་རེད། མཐར་ལས་བྱེད་པ་དེར་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་པའི་ཆད་པ་བཅད་པ་དང་། གཞུང་དངུལ་སྒེར་སྤྱོད་ཀྱི་ཉེས་པ་བསགས་པའི་རྐྱེན་གྱིས་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་བ་གསུམ་བྱས་ཡོད།

    “ང་ཚོས་ཆེད་དོན་བཅོས་སྒྲིག་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ཀྱི་གནད་དོན་གྱི་ཁུངས་སྣེ་དུས་ཐོག་ཏུ་གསེད་བཀྲོལ་དང་དེར་དབྱེ་ཞིབ་བྱེད་པར་སྐུལ་འདེད་དང་མཛུབ་ཁྲིད་བྱས་ཏེ། གྱོད་གཞིའི་ཁྱད་ཆོས་དང་། སྒྲིག་འགལ་ཁྲིམས་འགལ་གྱི་ཆོས་ཉིད་དང་དེའི་རྒྱབ་ཀྱི་ལམ་ལུགས་ལམ་སྲོལ། ལྟ་སྐུལ་དོ་དམ་སོགས་ཐད་ལྷག་པའི་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་དང་གཏིང་ཟབ་པའི་འགལ་བ་དབྱེ་ཞིབ་བྱས་ཏེ། གནད་འཁེལ་བཅོས་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་ཀྱི་ཡིན”ཞེས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།