དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྙིང་སྟོབས་ཆེར་སྐྱེད་སྤྱོད་ཚུལ་ལེགས་སུ་བཏང་། བརྩེ་སེམས་དམངས་ལ་བཅངས་ནས་དུས་བདེ་བསྲུངས།

    —— ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-29

    ལྗོངས་ཡོངས་ཀྱི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་གྱི་ལས་དོན་ལ་དམ་འཛིན་ནན་པོ་བྱེད་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་ནས་བཟུང་། ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གིས་ལས་ཀར་ལྷག་པའི“ནུས་མེད་དང་། སྒྱིད་ལུག ཁ་ཐོར། ཟང་ཟིང”སོགས་གནད་དོན་ལ་མངོན་གསལ་དོད་པར་དམ་འཛིན་བྱས་ནས་དཔུང་ཁག་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལས་བྱེད་པ་དང་ཉེན་རྟོག་པ་ཚོས་སྔོན་གཏོད་ལེགས་བརྩོན་དང་། ལས་སྒྲུབ་ལས་གཏོད། འབད་འབུངས་ཡར་བརྩོན་བཅས་ཀྱི་བསམ་བློའི་ཉམས་འགྱུར་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ལ་སློབ་གསོ་ཁྲིད་སྟོན་བྱས་པ་དང་འབྲེལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    2022ལོར་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དབྱར་དུས་བདེ་འཇགས་རྡུང་རྡེག་བཅོས་སྒྲིག་གི“ཉིན་བརྒྱའི་བྱ་སྤྱོད”ཀྱི་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་དང་པོ་ཐོབ་པ་དང་།

    2022ལོར་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོ་གལ་ཆེན་གྱི་སྔོན་ཐོན་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པ།

    ལོ་4བསྟུད་མར་ལྗོངས་ཡོངས་ཀྱི་བདེ་འཇགས་ཁོངས་གཏོགས་ཀྱི་ལས་རྗེས་དཔྱད་ཞིབ་ཀྱི་ཨང་དང་པོ་ཐོབ་ཡོད།

    གཟི་བརྗིད་མཚན་སྙན་གྱི་རྒྱབ་ཏུ་བློ་བརྟན་འགྱུར་མེད་ཀྱི་ཏང་གཤིས་དང་སྤྱོད་ཚུལ་བཟང་པོ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་བརྟན་སྲུང་དང་འགན་འཁྲི་འཁུར་བའི་དཀའ་སྤྱད་ཀྱི་རྔུལ་ཆུ་འདུས་ཡོད།

    བསམ་བློར་ཤུགས་སྣོན་བརྒྱབ་ནས་སྤྱོད་ཚུལ་བསྒྱུར།

    སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་ཆེད། ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་ཆེན་པོ་དང་། གྲོས་བསྡུར་ཆེན་པོ། གསོ་སྦྱོང་ཆེན་པོ། བརྟག་ཞིབ་ཆེན་པོ། དག་ཐེར་ཆེན་པོ་བཅས་ཀྱི་བྱེད་སྒོར་སྐུལ་འདེད་ཏན་ཏིག་བཏང་བས་ཏང་ཡོན་གྱི་འཇོན་ཐང་འདོན་ཐུབ་པ་དང་། ལྟེ་བའི་ལས་དོན་ཐད་བསྡུར་བ་ཐུབ་པ། ལྟ་སྐུལ་དོ་དམ་ནན་པོར་བརྟེན་ནས་དོ་དམ་ཐུབ་པ། གནད་དོན་རྩད་འཚོལ་བྱས་ནས་དག་ཐེར་ཐུབ་པ་བཅས་བྱས་ཏེ་བདེ་འཇགས་ལས་དོན་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་མ་ཟད། རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། བདེ་འཇགས་ཉིང་ལག་རུ་ཁག་གིས་སྔ་རྗེས་སུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ཐེངས་30ལྷག་ཙམ་བྱས་པ་དང་། ཏང་སྲོལ་སྲིད་གཙང་གི་སློབ་གསོ་ཐེངས་20ཙམ་སྤེལ་བ། འབྲེལ་ཡོད་ཁས་ལེན་ཡི་གེ་70ལྷག་ཙམ་བཞག་པ་བཅས་བྱས་པ་མ་ཟད། ནག་ཆུ་གྲོང་ཁྱེར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་། གྲོང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ། གྲོང་ཁྱེར་སྒྲིག་ཨུད་ཀྱི་འགན་འཁུར་བློ་མཐུན་སོགས་གདན་དྲངས་ནས་ཉིང་ལག་རུ་ཁག་གི་ལས་བྱེད་པ་དང་ཉེན་རྟོག་པ་ཡོངས་ལ་སློབ་ཚན་ཐེངས་6ཁྲིད་ཡོད།

    “ས་གནས་དེ་གའི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་འགོ་ཁྲིད་ལས་བྱེད་པས་སློབ་ཁྲིད་བྱེད་སྐབས། ནག་ཆུའི་དོན་དངོས་དང་ཟུང་འབྲེལ་གྱིས་ཉེ་འགྲམ་གྱི་དཔེ་མཚོན་གསོན་ཉམས་དོད་པོས་གསལ་བཤད་བྱས་པས། སློབ་ཚན་གྱི་ནང་དོན་ལས་ང་ཚོར་བག་ཆགས་གཏིང་ཟབ་བཞག་པ་མ་ཟད། ང་ཚོའི་ལས་བྱེད་ཉེན་རྟོག་པས་ཚད་གཞི་དང་ཡང་ཡང་བསྡུར་བ་དང་ཆབས་ཅིག་རང་ཉིད་ཀྱི་ཞན་ཆ་ཤེས་རྟོགས་ཐུབ་སྟེ་དེ་བས་ལེགས་པའི་སྤྱོད་ཚུལ་དང་འཕྱུགས་མེད་ཀྱི་ཚད་གཞིར་བརྟེན་ནས་བདེ་འཇགས་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད”ཅེས་ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གི་རུ་དཔོན་གཞོན་པ་ཝང་ཞང་གིས་ངོ་སྤྲོད་བྱས་བྱུང་།

    འབད་འབུངས་ཡར་བརྩོན་གྱིས་ལས་ཀའི་རྣམ་པ་གྲུབ་པ་དང་ཉིང་ལག་རུ་ཁག་ཁྲོད་ལྷག་པའི“ནུས་མེད་དང་། སྒྱིད་ལུག ཁ་ཐོར། ཟང་ཟིང”བཅས་ཀྱི་སྣང་ཚུལ་ངན་པར་འགྱུར་ལྡོག་གཏོང་ཆེད། བདེ་འཇགས་ཉིང་ལག་རུ་ཁག་གིས“ངེས་པར་དུ་བྱེད་དགོས་པ་བརྒྱད”དང་། “དཔེ་སྟོན་དྲུག” “འབད་བརྩོན་དྲུག”བཅས་ཀྱི་བླང་བྱ་དང་ཡང་ཡང་བསྡུར་ནས“སློབ་སྦྱོང་དང་། ཞིབ་བཤེར། ལེགས་བཅོས། སྒྱུར་བཅོས”སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་གནད་དོན་བཙལ་འཚོལ་གཏིང་ཟབ་དང་མངོན་གསལ་དོད་པའི་ཞན་ཆ་གྲལ་བཤེར་བྱས་པ་མ་ཟད། དམིགས་སུ་བཀར་ནས་ཐག་གཅོད་བྱས་ཡོད།

    བདེ་འཇགས་ཉིང་ལག་རུ་ཁག་གི་ལས་རོགས་ཉེན་རྟོག་པའི་ཆ་སྙོམས་ལོ་ཚད་ལོ་34ཡིན་པ་དང་ཁོང་ཚོས་ལང་ཚོའི་ཁྲག་དྲོན་ལ་བརྟེན་ནས་བོད་བྱང་ཐང་གི་བདེ་འཇགས་སྲུང་བའི་ཟངས་གྱང་ལྕགས་རྩིག་བསྐྲུན་པ་མ་ཟད། དམིགས་བསལ་ཚོགས་སྤྱིར་དྲོ་སྐྱིད་སྦྱིན་ཡོད།

    སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པའི་གཟུགས་བརྙན་བཟང་པོ་གཏོད་པ་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་ཏན་ཏིག་གཏོང་ཆེད། བདེ་འཇགས་ཉིང་ལག་རུ་ཁག་གི་ཏང་ཀྲི་པུས“ཉེན་རྟོག་པ་ཁྲི་བརྒྱ་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱོད་པ”དང“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”སོགས་ཀྱི་བྱེད་སྒོ་སྤེལ་ནས་བསྙེན་བཀུར་ཞབས་འདེགས་ལྟེ་གནས་དང་། དམིགས་བསལ་སློབ་གསོའི་སློབ་གྲྭ གྲོང་ལྷན་སོགས་སུ་བསྐྱོད་དེ“ལང་ཚོའི་སེམས་པ་ཏང་ལ་ཕྱོགས་པ”དང་། “གཅེས་སེམས་འབུལ་བ”“རྒན་བཀུར་གཞོན་གཅེས”བཅས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་ཉེན་རྟོག་པ་དང་མི་དམངས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་ཡོད།

    ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དུས་བདེ་བསྲུངས།

    སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ཚུན། ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གིས་ལས་ཀའི་དོན་དངོས་ལ་དམ་པོར་དམིགས་ནས་འཇོན་ཐང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་འཇོན་ཐང་དང་། ཆེད་ལས་ཀྱི་འཇོན་ཐང་། སྒྱུར་བཅོས་གསར་གཏོད་ཀྱི་འཇོན་ཐང་བཅས་མུ་མཐུད་ཆེ་རུ་བཏང་ནས་ནག་ཆུ་སྤྱི་བདེས་ཉེན་ཁ་འགོག་ཟོན་དང་། བརྟན་ལྷིང་སྲུང་སྐྱོང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བཅས་ཀྱི་འགྱུར་ལྡོག་གསར་པ་དང་རྣམ་པ་གསར་པ་ནུས་ལྡན་མངོན་པར་བྱས་ཡོད།

    ཉིན་མོ་དྲིལ་བསྒྲགས་དང་ཞིབ་བཤེར་སོགས་ལས་བྲེལ་ཆེ་བས། རེའུ་མིག་དང་རྩིས་ཁྲ་སོགས་བཟོ་བའི་ལས་ཀ་ལས་ཞོར་གྱི་དུས་ཚོད་ནང་ལེགས་སྒྲིག་དང་ཕྱོགས་སྡོམ་བྱས་ནས་གོང་རིམ་ལ་སྙན་སེང་ཞུ་དགོས་པས། མཚན་མོ་ནང་མིའི་ཁ་པར་ཐེངས་མང་འབྱོར་སྐབས། ཉེན་ཆེའི་འབར་རྫས་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཀུན་དགའ་ཚེ་རིང་གིས“ལས་ཀ་ཚར་མ་སོང་། ལོག་ཐུབ་ས་མ་རེད”ཅེས་བཤད་ནས་བྲེལ་བས་ས་འཁོལ་ནས་སྡོད་ཀྱི་ཡོད།

    ལས་ཀའི་ཁྲོད་བདེ་འཇགས་ཉིང་ལག་རུ་ཁག་གིས“གྱོད་གཞི་ཐོན་ཉུང་བ་དང་། སྒྲིག་ལམ་ལེགས་པ། བདེ་འཇགས་བརྟན་ལྷིང་། མང་ཚོགས་བློ་ཡིད་ཚིམ་པ”བཅས་དམིགས་ཡུལ་དུ་བྱས་ནས་བདེ་འཇགས་དུས་བབ་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས“རྐུ་རྒྱག་དང་། ཆགས་སྲེད། རྒྱན་པོ་འགྱེད་པ”སོགས་མང་ཚོགས་ཀྱིས་གླེང་མང་བའི་སྤྱི་ཚོགས་བདེ་འཇགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ཇུས་གཞི་རྒྱུན་ཆད་མེད་པར་གསར་བརྗེས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ་གྲོང་ཁྱེར་དེ་ཡོངས་ཀྱི་བདེ་འཇགས་སྡེ་ཚན་ལ་བཀྲམས་ནས་ལག་བསྟར་གྱིས“གནས་དང་། ངོས། ཁྱོན”ཟུང་འབྲེལ་དང་། “དྲ་ཐོག་དང་དྲ་ཕྱི”ཟུང་འབྲེལ། “མི་ཤུགས+ཚན་རྩལ”“སྲོལ་རྒྱུན+དེང་རབས”བཅས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་བདེ་འཇགས་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ཉེས་གསོག་པའི་གཉའ་བཅག་པ་མ་ཟད། སྤྱི་ཚོགས་ཡོངས་སུ་ཉེན་རྟོག་པ་མཐོང་ཚད་དང་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དེ་བས་ཆེ་རུ་ཕྱིན་ཡོད།

    “ང་ཚོའི་ལས་ཀའི་ཆ་རྐྱེན་བལྟོས་བཅས་ཀྱིས་དཀའ་ཚེགས་ཆེ་ཡང་། ཉིང་ལག་རུ་ཁག་གི་ཉེན་རྟོག་པའི་ལས་ཀའི་སྤྱོད་ཚུལ་ལྷོད་གཡེང་དུ་སོང་མེད། ལས་ཀ་བྲེལ་བ་ཆེ་བ་དང་། ངལ་གསོ་ངེས་གཏན་མེད་པ། གནམ་གཤིས་ཞན་པ་བཅས་ཀྱི་རྐྱེན་པས། གཞོན་ནུ་ཉེན་རྟོག་པ་ཁག་གཅིག་སྐྲ་བུད་པ་དང་། སྐྲ་དཀར་སྐྱེ་བ། ངོ་གདོང་གི་ལྤགས་པ་བུད་པ་བཅས་བྱས་ཀྱང་། ཁོང་ཚོས་འཁང་ར་སྤུ་ཙམ་ཡང་བྱེད་ཀྱི་མེད”ཅེས་འཕྲལ་སྒྲུབ་རུ་ཆེན་གྱི་རུ་དཔོན་དར་རྒྱས་ཚེ་རིང་གིས་ཉེན་རྟོག་པའི་གོས་གྱོན་པའི་དུས་དེ་ནས་བཟུང་། ཉེན་རྟོག་པའི་བྱ་གཞག་ནི་གཟི་བརྗིད་ལྡན་པ་ཞིག་ཡིན་པ་གསལ་པོར་ཤེས་ཀྱི་ཡོད་ཅེས་བརྗོད།

    ཞབས་འདེགས་ལེགས་སུ་བཏང་ནས་ཉེན་རྟོག་པ་དང་མི་དམངས་དབར“སེམས་འབྲེལ་གྱི་ཟམ་པ”བསྐྲུན།

    སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ཚུན། བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གིས་བདེ་འཇགས་དོ་དམ་གྱི་དམངས་ཕན་ཁེ་ལས་ལ“གློད་སྡོམ་ཞབས་གསུམ”གྱི་བྱེད་ཐབས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་གཏོད་བྱས་ནས“དྲ་སྦྲེལ+སྲིད་དོན་ཞབས་འདེགས”ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ“དྲ་གཅིག་ཀུན་སྒྲུབ”དང“ཞིང་སྒྲོལ་ཀུན་སྒྲུབ”ཀྱི་ལས་དོན་ལ་སྐུལ་འདེད་བཏང་ཡོད།

    ཐེམ་ཐོའི་ལས་སྒོ་གཉེར་བར་གནས་སྐབས་ཀྱི་ཐོབ་ཐང་ལག་ཁྱེར་གཉེར་དབང་གཤམ་སྤྲོད་བྱས་ཏེ་དེ་སྔ་རྫོང(ཆུས)སྤྱི་བདེ་ཅུས་ཀྱིས་གཉེར་བ་ནས་མངགས་གཏོང་ཁང་གི་ཐེམ་ཐོའི་སྐར་ཁུང་ཚང་མར་གཉེར་ཆོག་པའི་བར་རྒྱ་སྐྱེད་བཏང་ཡོད།

    མང་ཚོགས་ཁག་གཅིག་གིས་ཡུལ་གཞན་དུ་ལག་ཁྱེར་གཉེར་མི་བདེ་བའི་གནད་དོན་ལ་དམིགས་ཏེ་འགྲོ་ལུགས་སྟབས་བདེ་རུ་བཏང་བ་དང་སྒྲུབ་གཉེར་གྱི་ཆ་རྐྱེན་ལེགས་སྒྲིག་དང་། སྤྱི་བདེ་ལས་ཁུངས་ནང་ཁུལ་གྱི་ཞིབ་དཔྱད་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་པ། སྔོན་ལ་གནས་སྡོད་ལག་ཁྱེར་བཟོས་རྗེས་དེ་ནས་ཐོབ་ཐང་ལག་ཁྱེར་གཉེར་ཆོག་པའི་ཆ་རྐྱེན་མེད་པར་བཟོ་བ་བཅས་བྱས་ཡོད།

    མང་ཚོགས་ཀྱིས་འཕྲལ་མར་སྒྲུབ་དགོས་པའམ་ཡང་ན་དམིགས་བསལ་གནས་ཚུལ་གྱི་རྐྱེན་པས་ངལ་གསོའི་ཉིན་གཉིས་ལ་ལས་སྒོ་གཉེར་དགོས་རིགས། ཐེམ་ཐོའི་སྐར་ཁུང་གི་བབ་བསྟུན་སྣེ་ལེན་ཞབས་འདེགས་ཀྱི་ལས་ཀའི་ལམ་ལུགས་ལེགས་སུ་བཏང་སྟེ“སྐད་བཏང་ཚེ་འཕྲལ་མར་ཡོང་བའི”ཞབས་འདེགས་ཞུས་ཡོད།

    གཟུགས་པོའི་གནས་ཚུལ་གྱི་རྐྱེན་པས་འགྲོ་སྐྱོད་སྟབས་བདེ་མེད་པ་དང་མི་ཧྲེང་རྒན་རྒོན་སོགས་དམིགས་བསལ་ཚོགས་སྤྱིར་དམངས་ལ་སྟབས་བདེ་སྐྲུན་པའི་བྱ་ཐབས་འཚོལ་ཞིབ་ཧུར་ཐག་དང་ལེགས་སུ་བཏང་སྟེ་སྔོན་མངགས་ཞབས་འདེགས་དང་སྒོ་རྩར་ཞབས་འདེགས་ཞུ་བ་སོགས་ཀྱི་བྱ་ཐབས་སྤྱོད་ཀྱི་ཡོད།

    གནས་སྡོད་ལག་ཁྱེར་དེ་སྔ་རྫོང(ཆུས)ཁག་གི་གྲོང་ཁྱེར་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་ནས་ལེན་དགོས་པ་དེ་ལེགས་སྒྲིག་བྱས་པ་བརྒྱུད། ད་ཆ་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གིས་བཟོས་པའི་གནས་སྡོད་ལག་ཁྱེར་དུས་ཐོག་ཏུ་གཅིག་གྱུར་རྫོང(ཆུས)ཁག་གི་བདེ་འཇགས་རུ་ཆེན་ལ་བསྐུར་གྱི་ཡོད།

    “ང་ཚོས་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དེ་ལས་ཀ་ཡག་པོ་སྒྲུབ་ཐུབ་མིན་གྱི་ཚད་གཞི་ཨང་དང་པོར་བརྩི་བ་མཐའ་འཁྱོངས་ཀྱིས་ལས་ཀའི་སྤྱོད་ཚུལ་དང་ལས་ཀ་བྱེད་ཐབས་ལེགས་སུ་བཏང་ནས། མང་ཚོགས་ཀྱི་གནད་དོན་དངོས་ཐག་གཅོད་ཏན་ཏིག་བྱེད་ཀྱི་ཡོད”སྤྱོད་ཚུལ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ཚུན། བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གིས“དོན་ཆུང་སྒྲུབ་པ་དང་། སེམས་ཁྲལ་ཆུང་ངུ་སེལ་བ། རོགས་པ་ཆུང་ཙག་བྱེད་པ། ཕན་པ་ཆུང་ངུ་འདོགས་པ”བཅས་ལ་དམིགས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ནས་ཁྲིམས་སྒྱུར་ལ་དེ་བས་ཤུགས་དྲགས་ལྡན་པ་དང་ཞབས་འདེགས་དེ་བས་ཡག་པོ་བྱུང་ནས་མི་དམངས་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམ་ཚད་དེ་བས་ཆེ་རུ་ཕྱིན་ཡོད་ཅེས་ཝང་ཞང་གིས་གསར་འགོད་པར་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།