དབུ་ཤོག
  • བོད་ཀྱི་ས་ཆ་འདི་དག་ལ་ས་གཤིས་གནོད་འཚེ་ཐོན་ཉེན་ཡོད། ཡིད་གཟབ་གནང་།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2023-08-28

    ཚེས་27ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ་ཁྱབ་བསྒྲགས་བྱས་པར་སྔོན་དཔག་བྱས་ན། གཟའ་འཁོར་འདིར་ཆར་པ་འབབ་ཁྱོན་དང་འབབ་ཚད་ཆུང་དུ་འགྲོ་རྒྱུ་དང་བོད་ཤར་ལྷོའི་རྒྱུད་དུ་སྔར་བཞིན་ཆར་པ་འབབ་རྒྱུ་ཡིན་པས། ཞོར་ཐོན་གནོད་འཚེར་མུ་མཐུད་འགོག་ཟོན་བྱེད་དགོས། 

    གཟའ་འཁོར་འདིའི་ཆར་ཆུ་འབབ་ཚད། མངའ་རིས་ཀྱི་ལྷོ་རྒྱུད་དང་ཉིང་ཁྲིའི་ལྷོ་རྒྱུད་ལ་ཆར་པ་འབབ་མང་བ་དང་ས་ཆ་གཞན་དག་ལ་རྒྱུན་གཏན་ནམ་ཡང་ན་ཅུང་ཉུང་བ་ཡོད།

    གཟའ་འཁོར་འདིའི་ཆ་སྙོམས་དྲོད་ཚད། མངའ་རིས་ཀྱི་ཤར་རྒྱུད་དུ་དྲོད་ཚད་ཅུང་དམའ་བ་དང་ས་ཆ་གཞན་དག་ལ་རྒྱུན་གཏན་ལྟར་ཡིན་པའམ་ཡང་ན་མཐོ་ཙམ་ཡོད། 

    ཟླ་8ཚེས་28ནས་31ཉིན་བར། ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད། ཆབ་མདོ་དང་། གཞིས་རྩེའི་ལྷོ་རྒྱུད། ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་ཤར་རྒྱུད། ལྷ་སའི་བྱང་རྒྱུད་བཅས་ལ་གནམ་འཐིབས་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    ཟླ་9ཚེས་1ནས་3ཉིན་བར། ཧི་མ་ལ་ཡའི་རི་རྒྱུད་དང་ཉིང་ཁྲིའི་ཤར་རྒྱུད་དང་ལྷོ་རྒྱུད་ལ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། མངའ་རིས་ཀྱི་ཤར་རྒྱུད་དང་ཉིང་ཁྲིའི་དབུས་རྒྱུད་ལ་གནམ་འཐིབས་ནས་ཐོལ་ཆར་འབབ་རྒྱུ་དང་དེ་མིན་གྱི་ས་ཆ་ཁག་གཅིག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ། 

    གནམ་གཤིས་སྡེ་ཚན་གྱི་གྲོས་འགོ 

    གཟའ་འཁོར་འདིའི་ནང་། རང་ལྗོངས་ཀྱི་དབུས་ཤར་རྒྱུད་དུ་ཆར་པ་ཡང་ཡང་འབབ་རྒྱུ་དང་ཤར་ལྷོའི་རྒྱུད་ཀྱི་ས་བབ་དམའ་བའི་ས་ཆར་ཆར་པ་ཆེ་ཙམ་འབབ་རྒྱུ་རེད་འདུག་པས། ཆུ་བོ་འབྲིང་ཆུང་གི་ཆུ་ལོག་དང་ཤྭ་འོད་ཀྱི་ས་གཤིས་གནོད་འཚེ་དང་གྲོང་ཁྱེར་དང་གྲོང་གསེབ་ཏུ་འཁྱིལ་ཆུ་གསོག་པ་སོགས་ཀྱི་ཞོར་ཐོན་གནོད་འཚེར་འགོག་ཟོན་བྱེད་དགོས། ཡར་ཀླུང་གཙང་པོའི་རྒྱུད་དང་། ཧི་མ་ལ་ཡའི་རྒྱུད། ནག་ཆུ་དང་། ཆབ་མདོ་བཅས་སུ་ཕྱི་དྲོ་གློག་འཁྱུག་པ་དང་འབྲུག་སྒྲ་གྲགས་པ། ལྷགས་པ་ཆེན་པོ་རྒྱག་པ། སེར་བ་འབབ་པ། སྐབས་འགར་དྲག་ཆར་འབབ་པ་སོགས་གཏད་རྒྱུག་གི་གནམ་གཤིས་བསྟན་མང་བས་འགོག་ཟོན་ཡག་པོ་བྱེད་དགོས། ཞིང་ཁུལ་གཙོ་བོར་ཞིང་པ་ཚོས་ཞིང་ནང་གཡོག་བྱེད་ལ་ཤུགས་སྣོན་རྒྱག་པ་དང་དུས་ཚོད་དམ་འཛིན་གྱིས་བཙས་མ་བརྔ་བ་དང་གཡུལ་ཁ་གཏོང་བ་སོགས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།