དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས།

    འབོ་གསེར་རྒྱལ་ཁབ་ཀྱི་ཁོངས་མི་རྒྱ་ཆེར་གཏོང་བའི་ཐད་གསར་འགོད་པའི་དྲི་བར་ལན་བརྒྱབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-08-26

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས། འབོ་གསེར་རྒྱལ་ཁབ་ཀྱི་ཁོངས་མི་རྒྱ་ཆེར་གཏོང་བའི་ཐད་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད།

    གསར་འགོད་པས། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པར་འབོ་གསེར་མཉམ་ལས་ལམ་སྲོལ་གྱིས་ཁོངས་མི་གསར་པ་བསྡུ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཁྱེད་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་ཁོངས་མི་རྒྱ་ཆེར་གཏོང་བའི་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་བྱེད་རོགས་ཞེས་བཤད།

    མགྲིན་ཚབ་པས། ཟླ་8ཚེས་22ནས་24ཉིན་བར། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པ་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་རུ་འཚོགས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ཡོད། ཞལ་འཛོམས་ནང་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབོ་གསེར་རྒྱལ་ཁབ་གཞན་དག་གི་འགོ་ཁྲིད་པས་མགྲིན་གཅིག་ཏུ་མོས་མཐུན་བྱས་པ་བརྒྱུད། སོ་ཏི་ཨ་རབ་དང་། ཨེ་ཅིབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཨ་ཀེན་ཐིན། དབྱི་རན། ཨེ་ཙེ་ཨོ་ཕི་ཡ་བཅས་འབོ་གསེར་ཁྱིམ་ཚང་ཆེན་པོའི་ཁོངས་མིར་གདན་དྲངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་དེ་དག་ལ་རྟེན་འབྲེལ་ཞུས་ཡོད་ཅེས་བརྗོད་པ་རེད།

    མགྲིན་ཚབ་པས། ད་ཐེངས་ཀྱི་ཁོངས་མི་རྒྱ་ཆེར་གཏོང་བར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ན་ནིང་ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་ནས། ཁོངས་མི་རྒྱ་ཆེར་གཏོང་བའི་འཕེལ་རིམ་འགོ་བརྩམས་ཡོད། དེ་རྗེས་ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་འབོ་གསེར་རྒྱལ་ཁབ་ཀྱི་ཁོངས་མིའི་རྒྱལ་ཁབ་དང་མཉམ་དུ་ཁོངས་མི་རྒྱ་ཆེར་གཏོང་བའི་འཕེལ་རིམ་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོས་འབོ་གསེར་རྒྱལ་ཁབ་ནང་ཞུགས་རྒྱུའི་བསམ་བློ་བཏང་ནས། རྒྱལ་ཁབ་20ལྷག་ཙམ་གྱིས་རེ་ཞུ་བཏོན་ཡོད་པ་དེ་ཐོག་ནས་འབོ་གསེར་རྒྱལ་ཁབ་ཀྱི་ཡིད་དབང་འགུགས་ཤུགས་དང་། འབོད་སྐུལ་ནུས་པ། དེ་བཞིན་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མཉམ་ལས་བྱེད་པའི་སྤྲོ་སེམས་དང་བསམ་འདུན་བཅས་མངོན་ཡོད། ད་ཐེངས་ཁོངས་མི་རྒྱ་ཆེར་གཏོང་བ་དེ་ཐོག་ནས་འབོ་གསེར་རྒྱལ་ཁབ་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་མཐུན་སྒྲིལ་མཉམ་ལས་བྱེད་པའི་ཆོད་སེམས་མཚོན་ཞིང་། དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་མཐུན་ཡོད་ལ། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་ཡང་མཐུན་ཡོད། ད་ཐེངས་ཁོངས་མི་རྒྱ་ཆེར་གཏོང་བ་དེའང་འབོ་གསེར་མཉམ་ལས་ཀྱི་འགོ་འཛུགས་ས་གསར་པ་ཞིག་ཡིན་པས། འབོ་གསེར་མཉམ་ལས་ལམ་སྲོལ་ལ་གསོན་ཤུགས་གསར་པ་བསྣན་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས་སྔར་བས་ཆེ་རུ་འགྲོ་རྒྱུ་རེད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།