དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས།

    རི་པིན་སྲིད་གཞུང་གིས་ཕུའུ་ཏའོ་ཡི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་འགོ་བཙུགས་པའི་སྐོར་ལ་གཏམ་བཤད་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-08-26

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་རི་པིན་སྲིད་གཞུང་གིས་ཕུའུ་ཏའོ་ཡི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་འགོ་བཙུགས་པའི་སྐོར་ལ་གཏམ་བཤད་སྤེལ་བ་རེད། ནང་དོན་ཆ་ཚང་གཤམ་གསལ་ཏེ།

    ཟླ་8ཚེས་24ཉིན་རི་པིན་སྲིད་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོགས་འདྲི་དང་ངོ་རྒོལ་དྲག་པོར་མི་བལྟོས་པར། ཕྱོགས་རྐྱང་པས་ཨ་ན་ཨུ་ཚུགས་ཀྱིས་ཕུའུ་ཏའོ་ཡི་ཉིང་རྡུལ་ལས་འཛོལ་གྱི་བཙོག་ཆུ་རྒྱ་མཚོར་གློད་འགོ་བཙུགས་པར། ཀྲུང་གོ་ཕྱོགས་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་རྒོལ་གཏམ་དྲག་པོ་གཏོང་གི་ཡིན། རི་པིན་ཕྱོགས་དང་དྲང་ནན་གྱི་འབྲེལ་གཏུག་བྱས་ཏེ། རི་པིན་ཕྱོགས་ལ་ནོར་འཁྲུལ་གྱི་བྱེད་སྤྱོད་དེ་རིགས་མཚམས་འཇོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    རི་པིན་ཕུའུ་ཏའོ་ཡི་ཉིང་རྡུལ་བཙོག་ཆུ་ཐག་གཅོད་བྱ་རྒྱུ་ནི་ཉིང་རྡུལ་བདེ་འཇགས་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་ཞིང་། རྒྱལ་མཚམས་སྒྲོལ་བའི་ཤུགས་རྐྱེན་ལྡན་པས་རི་པིན་ཕྱོགས་རྐྱང་པའི་སྒེར་དོན་ཞིག་གཏན་ནས་མ་རེད། མིའི་རིགས་ཀྱིས་རྡུལ་ཕྲན་ནུས་པ་ཞི་བའི་ངང་སྤྱོད་འགོ་བཙུགས་ཚུན། མིས་ཉིང་རྡུལ་ལས་འཛོལ་གྱི་བཙོག་ཆུ་རྒྱ་མཚོར་གློད་པའི་དཔེ་མཚོན་མེད་ལ་ཀུན་གྱིས་ཁས་བླངས་པའི་ཐག་གཅོད་ཚད་གཞི་ཡང་མེད། ལོ་12ཀྱི་གོང་ཐོན་པའི་ཕུའུ་ཏའོ་ཡི་ཉིང་རྡུལ་ལས་འཛོལ་གྱིས་གནོད་འཚེ་ཚབས་ཆེན་བཟོས་ཤིང་། སྐབས་འདིར་རྒྱ་མཚོར་འགྱེད་འཕྲོའི་རང་བཞིན་གྱི་དངོས་རྫས་འབོར་ཆེན་གློད་ཡོད། རི་པིན་ཕྱོགས་ཀྱིས་སྒེར་ཕན་གཅིག་པུ་བསམས་ཏེ་ས་གནས་དེ་གའི་དམངས་ཚོགས་དང་ཐ་ན་འཛམ་གླིང་མི་དམངས་ལ་གནོད་འཚེ་ཐེངས་གཉིས་པ་བཟོ་མི་རུང་།

    རི་པིན་སྲིད་གཞུང་གིས་རྒྱ་མཚོར་གློད་རྒྱུའི་ཐག་བཅད་པར་ལུགས་མཐུན་དང་ཁྲིམས་མཐུན་རང་བཞིན་ལྡན་པ་དང་། ཉིང་རྡུལ་བཙོག་ཆུ་གཙང་སེལ་སྒྲིག་ཆས་ལ་ཡུན་རིང་བློས་འགེལ་ཆོག་པའི་རང་བཞིན་ལྡན་པ། ཉིང་རྡུལ་བཙོག་ཆུའི་གྲངས་གཞིར་ཡང་དག་དང་འཕྱུགས་མེད་རང་བཞིན་ལྡན་པ། རྒྱ་མཚོར་གློད་ན་རྒྱ་མཚོའི་ཁོར་ཡུག་དང་མིའི་རིགས་ཀྱི་བདེ་ཐང་ལ་གནོད་འཚེ་མེད་པ། ལྟ་ཞིབ་ཚད་ལེན་ཇུས་གཞིར་འཐུས་ཚང་རང་བཞིན་དང་ཕན་ནུས་རང་བཞིན་ལྡན་པ་བཅས་ཀྱི་ར་སྤྲོད་བྱེད་མྱོང་མེད་ལ། ཁེ་ཕན་འབྲེལ་བ་ཡོད་པའི་ཕྱོགས་དང་གྲོས་མོལ་གང་ལེགས་ཀྱང་བྱེད་མྱོང་མེད། རྒྱ་མཚོ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རྒྱུ་ནོར་རེད། ཕུའུ་ཏའོ་ཡི་ཉིང་རྡུལ་བཙོག་ཆུ་ཨ་ན་ཨུ་ཚུགས་ཀྱིས་རྒྱ་མཚོར་གློད་འགོ་བཙུགས་པ་ནི། རྒྱལ་སྤྱིའི་སྤྱི་པའི་ཁེ་ཕན་སྣང་མེད་དུ་བཏང་བ་དང་སོ་སོ་མ་གཏོགས་བསམ་རྒྱུ་མེད་པ་དང་འགན་གཏན་ནས་མི་འཁུར་བའི་བྱ་སྤྱོད་ཅིག་རེད། རི་པིན་ཕྱོགས་ཀྱི་བྱེད་ལུགས་བྱེད་སྟངས་འདིས་འཛམ་གླིང་ཡོངས་ལ་ཉེན་ཁ་བཟོ་རྒྱུ་དང་། མིའི་རིགས་ཀྱི་ཕ་ཚ་བུ་རྒྱུད་ལ་གནོད་རྒྱུ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་མཁན་དང་གོ་ལ་ཧྲིལ་པོའི་རྒྱ་མཚོར་སྦགས་བཙོག་བཟོ་མཁན་དུ་འགྱུར་རྒྱུ། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་ཐང་དབང་ཆ་དང་། འཕེལ་རྒྱས་དབང་ཆ། ཁོར་ཡུག་དབང་ཆ་བཅས་ལ་བཙན་གནོད་བྱ་རྒྱུ། རང་ཉིད་ཀྱི་ཀུན་སྤྱོད་དང་དྲང་བདེན་གྱི་འགན་འཁྲི་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་དང་རྒྱབ་འགལ་འགྲོ་རྒྱུ་བཅས་རེད། རི་པིན་ཕྱོགས་ཀྱིས་ཉིང་རྡུལ་བཙོག་ཆུ་གློད་རྐྱང་བྱས་པ་དང་དུས་མཚུངས་རང་ཉིད་ཀྱང་རྒྱལ་སྤྱིའི་ཁྲིམས་ལ་སྦྱོར་རྒྱུ་རེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒོལ་གཏམ་ཡུན་རིང་ཕོག་ངེས་ཀྱང་རེད།

    ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ། དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་ནས་ཟས་རིགས་ཀྱི་བདེ་འཇགས་དང་ཀྲུང་གོ་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།