གཞིས་རྩེ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས།
“སྐར་ཁུང་ཆུང་ངུའི”ཆེད་དོན་བཅོས་སྒྲིག་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་བ།
ཉེ་ཆར་གཞིས་རྩེ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་ཞིབ་འཇུག་ཆེན་པོ་བྱེད་པའི་གོ་སྐབས་དང་བསྟུན་ནས། ལས་སྒོའི་རྐང་འཛིན་པ་སྒྲིག་འཛུགས་བྱས་ཏེ་མངོན་ཞིབ་ལྐོག་འདྲི་ཚོགས་ཆུང་བཙུགས་ནས་གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་དང་། དངུལ་རྩ། ཚོང་གཉེར། ཡུལ་སྐོར། སྤྱི་བདེ་བཅས་ཞབས་ཞུའི་ལས་རིགས་ཆེན་པོ་5ཡི་སྐར་ཁུང་ཚན་པ་10ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་ཤིང་། མང་ཚོགས་ཀྱི་བདེ་སྡུག་ཤེས་རྟོགས་གཏིང་ཟབ་བྱས་ནས་ས་གནས་དེ་གའི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་པ་རེད།
“དངོས་ནས་ཡག་པོ་རེད། དེ་སྔོན་ང་ཚོ་ཇོ་མོ་གླང་མར་ཡུལ་སྐོར་དུ་སོང་ན་དུས་ཚད་ཉིན་བདུན་ལས་མེད། ད་ཆ་དགོས་མཁོ་ལྟར་ལམ་ཡིག་གི་དུས་ཚད་རིང་དུ་གཏོང་ཆོག་པས་ཧ་ཅང་སྟབས་བདེ་རུ་ཕྱིན་འདུག”ཅེས་གཞིས་རྩེའི་ས་གནས་དེ་གའི་སྡེ་ཚན་གྱིས་ལག་ཁྱེར་གཉེར་བའི་བརྒྱུད་རིམ་ལེགས་སུ་བཏང་བ་ཐོས་རྗེས་ཡུལ་སྐོར་བས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།
ལྟ་སྐུལ་ཞིབ་བཤེར་ནི་གོམ་སྟབས་དང་པོ་ཙམ་ཡིན་པ་དང་། མང་ཚོགས་ཀྱིས་གོང་ཞུ་བྱས་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་མཐར་ཐུག་གི་དམིགས་ཡུལ་རེད། ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ཏེ་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་གནད་དོན་དག་ཐེར་ཡི་གེ་གཤམ་ལ་སྤྲད་ནས། འབྲེལ་ཡོད་སྡེ་ཚན་ལ་དུས་བཀག་ནང་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད། རྒྱུན་མཐུད་སྒྲུབ་པར་ལྟ་སྐུལ་བྱས་པ་བརྒྱུད་མིག་སྔར་གནད་དོན་17གཞི་རྩའི་ཆ་ནས་དག་ཐེར་བྱུང་ཡོད།
“སྲིད་དོན་ཞབས་ཞུའི་སྡེ་ཚན་ནི་དམངས་ཕན་གྱི‘སྐར་ཁུང་ཆུང་ངུ’ཡིན་པ་མ་ཟད། ཏང་སྲོལ་སྲིད་སྲོལ་དང་ལས་བྱེད་པའི་སྤྱོད་ཚུལ་མངོན་པའི‘སྟེགས་བུ་ཆེན་པོ’ཞིག་ཀྱང་རེད། འདི་ལོ་ང་ཚོས་སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་རྒྱུ་གོ་སྐབས་སུ་བྱས་ཏེ། ད་ཐེངས་ཀྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་གྱི་རྨང་གཞིའི་ཐོག་ལྟ་སྐུལ་བྱེད་སྟངས་གསར་གཏོད་བྱས་ནས། མང་ཚོགས་ཀྱིས་གླེང་མང་བའི་མངོན་གསལ་དོད་པའི་གནད་དོན་རྒྱུན་མཐུད་ངང་ཤེས་རྟོགས་དང་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཏན་ཏན་ཏིག་ཏིག་གི་ལྟ་སྐུལ་ལ་བརྟེན་ནས་དམངས་ལ་ཞབས་འདེགས་ཞུ་བའི‘བར་འགག’བསལ་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡིན”ཞེས་གཞིས་རྩེ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོས་བཤད།