ལྷ་སའི་ཞོ་སྟོན་རིང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་10ལས་བརྒལ་བ།
ཁྱོན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་286.02ལ་སྣེ་ལེན་ཞུས་པ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་22ཉིན། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ནས་ཤེས་རྟོགས་བྱུང་བར། ཚེས་16ནས་20ཉིན་བར་གྱི་ཞོ་སྟོན་ངལ་གསོའི་རིང་། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་286.02ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་10.29ཟིན་ཡོད་པ་རེད།
ཞོ་སྟོན་ནི་སྤྱི་ལོའི་དུས་རབས་11པའི་དུས་དཀྱིལ་ནས་དར་བ་དང་། 2006ལོར་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་སྲུང་སྐྱོང་མིང་གཞུང་ནང་བཅུག་ཡོད། དུས་ཆེན་རིང་མི་རྣམས་ཀྱིས་གླིང་ག་གཏོང་བ་དང་། ཞོ་ལྡག་པ། ལྷ་མོ་ལྟ་བ། རྟ་རྒྱུག་སོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད། དུས་ཆེན་གྱི་རིམ་སྤེལ་བྱེད་སྒོ་ཟླ་8པའི་ཟླ་མཇུག་བར་སྤེལ་ནས་ཡུལ་སྐོར་བ་མང་པོ་ཞིག་དེ་གར་ཡོང་བའི་ཡིད་དབང་བཀུག་གི་ཡོད།
ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ལས་རིགས་དོ་དམ་ཁོའོ་ཡི་འགན་འཁུར་བ་ངག་དབང་འཕྲིན་ལས་ཀྱིས“དབྱར་གསེང་རིང་བོད་ཀྱི་མཛེས་ལྗོངས་ཁུལ་ཁག་ཏུ་ཡུལ་སྐོར་བ་མང་བས་ཡུལ་སྐོར་ཁྲོམ་ར་ཧ་ཅང་འཁྲུག་ཆ་དོད་པ་དང་ཞོ་སྟོན་གྱིས་བོད་ཀྱི་ལྷ་སའི་འཁྲུག་ཆ་དོད་པའི་ཡུལ་སྐོར་ཁྲོམ་རར་གསོན་ཤུགས་གསར་པ་བསྣན་ཡོད”ཅེས་བཤད།
ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གྲངས་གཞི་ལས་མངོན་པར། ཚེས་16ཉིན་གྱི་དགོང་མོ་ནས་ཚེས་17ཉིན་གྱི་ཆུ་ཚོད་0བར་ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོའི་རྣམ་པ་དྲ་ཐོག་ནས་ལྟ་མཁན་མི་ཐེངས་ཁྲི་432.5ལྷག་ཙམ་ཟིན་པ་དང་། “ཞོ་སྟོན”གླེང་གཞིའི་བརྙན་ལམ་བསྟན་ཚད་ཁྱོན་ཐེངས་ཁྲི་4127.2ཟིན་ཡོད། མི་སྔར་ལས་མང་བས་དྲ་རྒྱའི་ཐད་གཏོང་ནས་སྲོལ་རྒྱུན་དུས་ཆེན་གྱི་ཡིད་དབང་འཕྲོག་པའི་སྒྱུ་རྩལ་རིག་གནས་ལ་ལྟད་མོ་བལྟས་པ་རེད།