དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས།

    ཨ་རི་དང་། རི་པིན། ཧན་གོ་བཅས་ཀྱིས་ཏའེ་ཝེ་ཡིང་གི་ཐུག་འཕྲད་སྐབས་ཀྲུང་གོ་དང་འབྲེལ་བའི་གཏམ་འཆལ་སྤེལ་བར་ལན་བརྒྱབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-08-23

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་ཨ་རི་དང་། རི་པིན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་མི་སྣའི་ཏའེ་ཝེ་ཡིང་གི་ཐུག་འཕྲད་རིང་ཐའེ་དབན་དང་རྒྱ་མཚོ་དང་འབྲེལ་བ་ཡོད་པ་སོགས་ཀྱི་གནད་དོན་ཐད་ཀྲུང་གོར་དམའ་འབེབས་དང་། ཀྲུང་གོའི་ནང་སྲིད་ལ་བཙན་ཤེད་ཀྱིས་ཐེ་ཇུས། བསམ་ངན་ཁོག་བཅུག་གིས་ཀྲུང་གོ་དང་མཐའ་སྐོར་རྒྱལ་ཁབ་བར་གྱི་འབྲེལ་བར་དཀྲུག་ཤིང་བརྒྱབ་པ་བཅས་ནི། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་རྒྱབ་འགལ་ཚབས་ཆེན་བྱས་པ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་མི་འདོད་པའི་རྣམ་འགྱུར་དྲག་པོ་བསྟན་རྒྱུ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། འབྲེལ་ཡོད་ཕྱོགས་ལ་དྲང་ནན་གྱི་འབྲེལ་གཏུག་ཀྱང་བྱས་ཡོད་ཅེས་བརྗོད་པ་རེད།

    དབང་ཝུན་པིན་གྱིས་དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུར་འབྲེལ་ཡོད་དྲི་བར་ལན་འདེབས་སྐབས་གོང་གསལ་གྱི་སྐད་ཆ་དེ་བརྗོད་པ་རེད།

    “ཨ་རི་ཕྱོགས་ཀྱིས་ཨ་རི་དང་། རི་པིན། ཧན་གོ་བཅས་ཀྱི་རོགས་ཟླའི་འབྲེལ་བ་དེ་རྒྱལ་ཁབ་གང་རུང་ཞིག་ལ་དམིགས་པ་ཞིག་མིན་ཞེས་བརྗོད་པ་དེར་ང་ཚོས་ཀྱང་དོ་སྣང་བྱུང་། ཨ་རི་ཕྱོགས་ཀྱི་གཏམ་སྤྱོད་གཅིག་མཐུན་ཡོང་བར་ཀྲུང་གོ་ཕྱོགས་ཀྱིས་སྐུལ་འདེབས་བྱ་རྒྱུ་ཡིན། ‘མནའ་མཐུན་གྱི་འབྲེལ་བར་ཤུགས་སྣོན་བརྒྱབ་ནས་ཀྲུང་གོར་ངོ་རྒོལ་མི་བྱེད་པའི’རྣམ་འགྱུར་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ཀྲུང་གོ་ཕྱོགས་ཀྱི་གཟུགས་བརྙན་ལ་དམའ་འབེབས་གཏོང་བ་དང་ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་མཚམས་འཇོག་དགོས་ལ། ཁ་ཕྲལ་འགྲན་རྒོལ་བཟོ་བ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་གནོད་འཚེ་གཏོང་མཚམས་ཀྱང་འཇོག་དགོས”ཞེས་དབང་ཝུན་པིན་གྱིས་བརྗོད་པ་རེད།

    དབང་ཝུན་པིན་གྱིས། མིག་སྔར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དུ་འཕེལ་ཕྱོགས་གཉིས་མངོན་པ་སྟེ། གཅིག་ནི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ས་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞིང་། 《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》དང《ཞི་བདེ་རྒྱ་མཚོ་ཆེ་མོ་ལས་སྒྲོལ་བའི་ཕྱོགས་ཡོངས་དང་ཡར་ཐོན་གྱི་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ནི་དེའི་ཁྲོད་ཀྱི་མཚོན་བྱེད་ཅིག་རེད། གཞན་ཞིག་ནི་ཁ་ཕྲལ་དང་འགྲན་རྒོལ་ལ་ངན་སྐུལ་བྱས་ཏེ། འཇམ་འཐབ་ཀྱི་བསམ་བློ་རོ་ལངས་རྒྱག་རྒྱུའི་ལྐོག་གཡོ་འཆང་བ་དེ་རེད། ཨ་རི་དང་། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ་བཅས་དང་། ཨ་རི་དང་། རི་པིན། ཧན་གོ་བཅས། ཨ་རི་དང་། རི་པིན། རྒྱ་གར། ཨོ་སི་ཁྲུ་ལི་ཡ་སོགས་རྣམ་པ་མི་འདྲ་བའི་བཀག་སྡོམ་གྱི་རྒྱལ་ཁབ་གཞན་ཕྱིར་འབུད་བྱེད་པའི“འཁོར་རྒྱ་ཆུང་ཆུང”ནི་མཚོན་བྱེད་ཅིག་རེད། བློ་ཕམ་དགོས་པ་ཞིག་ལ། འཕེལ་ཕྱོགས་སྔ་མ་ནས་ཨ་རིའི་གཟུགས་བརྙན་མཐོང་མི་ཐུབ་པ་དང་། ཕྱི་མ་དེར་ཝ་ཧྲིང་ཐོན་ལྟེ་བར་བྱས་ཡོད་ཅེས་བརྗོད་པ་རེད།

    དབང་ཝུན་པིན་གྱིས། ཐའེ་དབན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པ་དང་ཐའེ་དབན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཀྲུང་གོ་རང་ཉིད་ཀྱི་བྱ་བ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལྷག་བསམ་དང་འབད་བརྩོན་ཆེ་ཤོས་ཀྱི་སྒོ་ནས་ངོགས་གཉིས་ཞི་བའི་གཅིག་གྱུར་ཡོང་བའི་མདུན་ལམ་བརྩོན་ལེན་བྱ་རྒྱུ་མཐའ་འཁྱོངས་བྱེད་མོད། འོན་ཀྱང་མི་སུ་འདྲ་ཞིག་དང་ཕྱོགས་གཏོགས་གང་རུང་ཞིག་གིས་ཞི་བདེའི་དར་རྟགས་འཕྱར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་ན། ཁས་གཏན་ནས་ལེན་མི་སྲིད། མིག་སྔར་ཐའེ་དབན་མཚོ་འགག་གི་ཞི་བདེར་འཇིགས་སྣང་ཆེ་ཤོས་བཟོ་མཁན་ནི“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་དང་ཕྱི་ཕྱོགས་ཕྱོགས་གཏོགས་ཀྱིས་དེར་རྒྱབ་སྐྱོར་བྱེད་པ་དེ་ཡིན། གལ་ཏེ་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་དངོས་འབྲེལ་སེམས་ཁུར་བྱེད་ཀྱི་ཡོད་ན། ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ཞུ་བ་དང“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་དང་དེ་བཞིན་དེའི་ཁ་ཕྲལ་བྱེད་སྤྱོད་ལ་རྒྱབ་སྐྱོར་བྱེད་མཚམས་བཞག་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་དང་། བློ་རྩ་བརྟན་པོ། ནུས་པ་ཆེན་པོ་བཅས་ལ་མི་སུ་ཞིག་གིས་ཀྱང་སྣང་ཆུང་གཏན་ནས་བྱེད་མི་རུང་ཞེས་བརྗོད་པ་རེད།

    དབང་ཝུན་པིན་གྱིས། ཉེ་བའི་ལོ་ཤས་རིང་། ཨ་རིས་ལྷོ་རྒྱ་མཚོའི་གནད་དོན་ལ་ཐེ་ཇུས་ཤུགས་ཆེན་བྱས་ནས་རྒྱལ་ཁབ་ཉུང་ཤས་ཀྱིས་མཚོ་ཐོག་དབང་ཆར་བཙན་གནོད་བྱེད་པར་ངན་སྐུལ་དང་རྒྱབ་སྐྱོར་བྱས་ནས་ས་ཁུལ་དང་རྒྱལ་ཁབ་དབར་གྱི་འབྲེལ་བར་དཀྲུག་ཤིང་རྒྱག་གི་ཡོད་པས། ཨ་རི་ནི་ས་ཁུལ་གྱི་སྒྲིག་ལམ་དཀྲུག་མཁན་དང་གཏོར་བཤིག་གཏོང་མཁན་དེ་རེད། ཨ་རིས་ད་དུང་མནའ་གྲོགས་བསྡུ་རུབ་བྱས་ནས་ལྷོ་རྒྱ་མཚོ་ཚུད་པའི་ཀྲུང་གོའི་ཉེ་འཁོར་མཚོ་ཁོངས་སུ་དམག་དོན་ནང་སྦྱོང་དང་ཉེ་བཅར་མྱུལ་ཞིབ་ཐེངས་མང་བྱས་ནས་རྫིག་ཉམས་ངོམ་སྟེ་ས་ཁུལ་གྱི་དུས་བབ་ཛ་དྲག་ཏུ་གཏོང་གི་ཡོད་པས། ཨ་རི་ནི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་གི་ཉེན་ཁ་དང་འགྲན་སློང་ཆེ་ཤོས་སུ་གྱུར་ཡོད་ཅེས་བརྗོད་པ་རེད།

    དབང་ཝུན་པིན་གྱིས། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རང་ངོས་ཀྱི་བདག་དབང་དང་བདེ་འཇགས་ཀྱི་ཁེ་ཕན་ལ་མུ་མཐུད་སྲུང་སྐྱོང་བྱ་རྒྱུ་མ་ཟད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ》ཕྱོགས་ཡོངས་དང་ནུས་ལྡན་ངང་དོན་འཁྱོལ་བྱས་ཏེ“ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞིའི”གྲོས་མོལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྒྱ་མཚོ་དང་འབྲེལ་བའི་དངོས་དོན་མཉམ་ལས་བྱེད་པ། ས་ཁུལ་དེ་གའི་ཞི་བདེ་དང་བརྟན་ལྷིང་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ནས་ས་ཁུལ་དེ་གའི་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།