དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ལི་ཧུང་ཀྲུང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་གྱི་བཞུཌ་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-08-23

     ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་པེ་ཅིང་དུ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་གྱི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་ཐོག་མའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་ཆུ་ཚད་མཐོ་བའི་སྲུང་སྐྱོང་གི་ཁྲིམས་སྐྱོང་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས་ཞེས་ནན་བཤད་གནང་བ་རེད།

    ལི་ཧུང་ཀྲུང་གིས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ནི་དམིགས་བསལ་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བཅའ་ཁྲིམས་ཤིག་ཡིན་པ་དང་། འདི་ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། ཁྲིམས་འཛུགས་ཀྱི་དམིགས་ཡུལ་དང་རྩ་དོན་འཕྱུགས་པ་མེད་པར་ཁོང་དུ་ཆུད་པ། སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རི་ཆུ་ནགས་ཞིང་དང་མཚོ་བྱེ་འཁྱག་བཅས་ཕྱོགས་བསྡུས་བཅོས་སྐྱོང་དང་། བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་བྱུང་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་མཚམས་མཐའ་གཅིག་ཏུ་སྲུང་དགོས་ཞེས་གསུངས་པ་རེད།

    ལི་ཧུང་ཀྲུང་གིས། གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་དང་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། སྲིད་གཞུང་གི་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། བཅའ་ཁྲིམས་ཀྱི་ལེ་ལག་སྦྲེལ་མཐུད་ཡག་པོ་བཅས་བྱས་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་ལེན་བསྟར་རྒྱུར་འགོ་ཡག་པོ་ཞིག་འཛུགས་ཐུབ་པའི་འགན་ལེན་བྱས་ཏེ། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྐྱེ་ཁམས་རྨང་གཞི་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཏུང་མིང་དང་ཏིང་ཀྲུང་ལི་ཚོགས་འདུར་ཞུགས་པ་རེད།

    འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་ས་གནས་ཀྱི་འགན་འཁུར་བློ་མཐུན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་ཀྱིས་ཚོགས་འདུའི་ཐོག་གཏམ་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།