2023ལོའི་འབྲི་ཆུའི་ཆུ་འགོའི་འཁྱགས་ཁུལ་གྱི་ཆུ་དཔྱད་དང་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་འབྲི་ཆུའི་ཆུ་འགོའི་འཁྱགས་ཁུལ་གྱི་ཆུ་དཔྱད་དང་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་མཚོ་སྔོན་ཞིང་ཆེན་དུ་བྱེད་འགོ་ཚུགས་ཤིང་། འབྲི་ཆུའི་ཆུ་འགོའི་ས་ཁུལ་གྱི་འཁྱགས་རོམ་དང་། འཁྱགས་ས། ཆུ་དཔྱད་སོགས་ཁྱབ་ཁོངས་ཀྱི་སྐྱེ་ཁམས་འགྱུར་ལྡོག་གཙོ་གནད་དུ་བཟུང་ནས་ཚན་རིག་རྟོག་ཞིབ་བྱ་རྒྱུ་རེད།
ད་ཐེངས་ཀྱི་ཚན་ཞིབ་དེ་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ལས་འགན“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་གི་འགུལ་རྣམ་འགྱུར་ལྡོག་དང་ཤུགས་རྐྱེན”གྱི་ཆེད་དོན་རྣམ་གྲངས་ཆུང་གྲས་ལ་བརྟེན་ནས་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་ཁང་གིས་སྣེ་ཁྲིད་དེ་སྒྲིག་འཛུགས་བྱས་པ་དང་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་སོགས་ཚན་པ་ཞུགས་ཡོད་པ་རེད།
ཚན་ཞིབ་ཀྱི་འགན་འཁུར་བ་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ཞིབ་འཇུག་ཁང་གདང་ལའི་འཁྱགས་ཁུལ་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་ཀྱི་ཀྲན་ཀྲང་ཧོ་ཞའོ་པོ་ཡིས། ཚན་ཞིབ་ཀྱིས་བཟོ་དབྱིབས་སྣ་མང་གི་མི་མེད་གནམ་གྲུ་ལས་སྟེགས་སུ་བྱེད་པ་དང་། གནམ་གྲུའི་ཐོག་གི་སྐུལ་འོད་ལེ་ཏ་དང་། གློག་སྡུད་རླབས་ཀྱི་ས་འཚོལ་ལེ་ཏ། དེ་བཞིན་མྱུར་གཏོང་བརྙན་ལམ་འཁོར་རྒྱུག་དཔེ་དབྱིབས་ཀྱི་བརྩི་སྟངས་བཅས་སྤྱད་དེ་ས་བབ་སྨི་5300ནས་སྨི་6100བར་གྱི་ཁྱབ་ཁོངས་སུ་འཁྱགས་རོམ་གྱི་ས་ཁོངས་ཧྲིལ་པོའི་ས་ངོས་ཀྱི་ས་དབྱིབས་བཤར་འབེབས་དང་། འབབ་རྒྱུད་ཀྱི་ལོ་མང་རིང་གི་འཁྱགས་སའི་མཐུག་ཚད་ཚད་འཇལ་རིས་འབྲི། མཐོ་གྲང་རི་ཁུལ་གྱི་ཆུ་བོའི་བཞུར་ཚད་ལ་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་སྤེལ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
“མཚོ་བོད་ས་མཐོའི་དྲོད་ཚད་མགྱོགས་མྱུར་འཕར་བའི་རྒྱབ་ལྗོངས་འོག་འབྲི་ཆུའི་ཆུ་འགོའི་ཁུལ་གྱི་འཁྱགས་རོམ་དང་འཁྱགས་ས་ཉམས་ཞན་དུ་འགྲོ་མགྱོགས་པ་དང་། ཆུ་འགོའི་ཆུ་རྩ་གསོ་འཁྱོངས་ནུས་པ་ཞན་དུ་འགྲོ་བ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཉམས་ཞན་དུ་འགྲོ་གི་ཡོད”ཧོ་ཞའོ་པོ་ཡིས་འཁྱགས་རོམ་དང་འཁྱགས་ས་སོགས་འཁྱགས་ཁུལ་གྱི་གཞི་རྒྱུ་གཙོ་བོའི་འགྱུར་ལྡོག་ལས་འབྲི་ཆུའི་ཆུ་འགོའི་ཁུལ་གྱི་ཆུ་རྩ་གསོ་འཁྱོངས་ནུས་པ་དང་མཐོ་གྲང་སྔོ་ཁེབས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཐད་ཀར་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་བཤད།
ད་ཐེངས་ཀྱི་ཚན་ཞིབ་གྲུབ་འབྲས་ཀྱིས་མཚོ་བོད་ཚན་ཞིབ་ཐེངས་གཉིས་པ་དེ་སྲོལ་རྒྱུན་གྱི་ས་ངོས་བརྟག་དཔྱད་ནས་ས་ཁོངས་ཧྲིལ་པོར་ཁྱབ་ཐུབ་པའི་བར་སྣང་དམའ་སར་བཤར་འབེབས་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད། དུས་ཐེངས་མང་པོའི་གྲངས་གཞིར་བརྟེན་ནས་ཚན་ཞིབ་ཀྱིས་འབྲི་ཆུའི་ཆུ་འགོའི་ཁུལ་གྱི་འཁྱགས་རོམ་དང་འཁྱགས་ས་སོགས་འཁྱགས་ཁུལ་གྱི་གཞི་རྒྱུའི་ཆུ་རྩ་གསོ་འཁྱོངས་ནུས་པ་དང་དེ་བཞིན་སྔོ་ཁེབས་སྐྱེ་ཁམས་མ་ལག་ལ་ཐེབས་པའི་ཤུགས་རྐྱེན་གསལ་སྟོན་བྱས་ནས། འབྲི་ཆུའི་ཆུ་འགོའི་ཁུལ་གྱི་ཆུའི་ཐོན་ཁུངས་བདེ་འཇགས་དང་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་བྱ་རྒྱུར་རྨང་གཞིའི་གྲངས་གཞི་མཁོ་འདོན་བྱ་རྒྱུ་རེད།