དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རང་རྒྱལ་གྱིས་རྨ་ཆུའི་ཆུ་མདོ་དང་། ཆན་ཅང་གཙང་པོའི་ཆུ་འགོ་པའེ་ཧྲན་ཙུའུ། ཁ་ལཱ་མའེ་ལི་སོགས་རྒྱལ་ཁབ་སྤྱི་གླིང་གསར་པ་ཁག་གཅིག་བསྐྲུན་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-08-23

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་སྤྱི་གླིང་ཁག་དང་པོ་དངོས་སུ་བསྐྲུན་རྗེས། རང་རྒྱལ་གྱིས་རྨ་ཆུའི་ཆུ་མདོ་དང་། ཆན་ཅང་གཙང་པོའི་ཆུ་འགོ་པའེ་ཧྲན་ཙུའུ། ཁ་ལཱ་མའེ་ལི་སོགས་རྒྱལ་ཁབ་སྤྱི་གླིང་གསར་པ་བསྐྲུན་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་རེད།

    དེ་ནི་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས(རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས)ཀྱི་ཅུས་ཀྲང་ཀོན་ཀྲི་ཨོའུ་ཡིས་ཉེ་ཆར་མཚོ་སྔོན་ཟི་ལིང་དུ་གཉེར་བའི་རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་སྐབས་གཉིས་པའི་ཐོག་བརྗོད་པ་རེད།

    ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་ནི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་རང་བྱུང་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོང་གི་དམིགས་ཡུལ་གཙོ་བོར་བཟུང་ནས། རང་བྱུང་ཐོན་ཁུངས་ཚན་རིག་དང་མཐུན་པར་སྲུང་སྐྱོང་དང་བེད་སྤྱོད་ལུགས་མཐུན་མངོན་འགྱུར་བྱེད་པའི་དམིགས་བསལ་གྱི་སྐམ་སའི་ས་ཁོངས་སམ་མཚོ་ཁོངས་ཡིན། 2021ལོའི་ཟླ་10པར་རང་རྒྱལ་གྱིས་གཙང་གསུམ་ཆུ་འགོ་དང་། དོམ་ཁྲ། བྱང་ཤར་སྟག་གཟིག ཧའེ་ནན་གྱི་ཚ་ཁུལ་ནགས་ཚལ། ཝུའུ་དབྱི་ཧྲན་རི་བོ་སོགས་རྒྱལ་ཁབ་སྤྱི་གླིང་ཁག་དང་པོ་དངོས་སུ་བསྐྲུན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱིས་བྱ་ཐབས་ནན་ཤོས་སྤྱད་དེ་སྐྱེ་ཁམས་མ་ལག་གི་སྔར་ཡོད་རྣམ་པ་དང་ཆ་ཚང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་སྤྱི་གླིང་ཁག་དང་པོས་གཏེར་ལས་དབང་ཆ་390ལྷག་ཙམ་ལ་གོ་རིམ་ལྡན་པའི་ངང་སྤྱོད་མཚམས་བཞག་པ་དང་། ཆུ་ཤུགས་གློག་ཁང་ཆུང་གྲས་100ལྷག་ཙམ་བཅོས་སྒྲིག་བྱས་ནས་ཕྱིར་འཐེན་བྱས་པ་རེད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོར་ཁྱོན་ཡོངས་ནས་སྲུང་སྐྱོང་ཐུབ་སྟེ་གཙོད་མགོ་གྲངས་ཁྲི་7ལྷག་ཙམ་བར་སླར་གསོ་བྱུང་བ་དང་། དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་དུ་70%ཡན་གྱི་རི་སྐྱེས་དོམ་ཁྲ་སྲུང་སྐྱོང་བྱས་ཏེ་ས་ཁོངས་ཁྱུ་ཚོགས་ཀྱི་སྐྱེ་ཁམས་བར་ཁྱམས་13སྦྲེལ་མཐུད་ཐུབ་པ། བྱང་ཤར་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་དུ་རྒྱལ་མཚམས་སྒྲོལ་བའི་བགྲོད་ལམ་ཤར་གཏོང་ཐུབ་ནས་བྱང་ཤར་སྟག་གི་གྲངས་འབོར་50ལྷག་ཙམ་ཟིན་པ། ཧའེ་ནན་ཚ་ཁུལ་གྱི་ནགས་ཚལ་རྒྱལ་ཁབ་སྤྱི་གླིང་དུ་སྤྲ་དཔུང་རིང་ཁྱུ་ཚོགས་6དང་མགོ་གྲངས་37བར་སླར་གསོ་བྱུང་བ། ཝུའུ་དབྱི་ཧྲན་རི་བོའི་རྒྱལ་ཁབ་སྤྱི་གླིང་ནས་ཡུས་ཧྲེན་སྦལ་ནག་སོགས་སྐྱེ་དངོས་རིགས་གསར་པ་17གསར་དུ་རྙེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།