ལོ་སྟོད་དུ་དཔའ་ཤོད་རྫོང་ལ་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་6000ཙམ་བྱུང་བ།
འདི་ལོ་ཚུན། དཔའ་ཤོད་རྫོང་མི་སྤྱི་ཅུས་ཀྱིས“ལྗང་མདོག་དཔའ་ཤོད”ཀྱི་འཕེལ་རྒྱས་ངེས་གནས་ལ་གཞིགས་ནས། དཔའ་ཤོད་ཀྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ལེགས་ཆ་འདོན་སྤེལ་དང་ཞིང་འབྲོག་མང་ཚོགས་ཡུལ་སྐོར་ཐོན་ལས་ལ་ཞུགས་པར་ཁྲིད་སྟོན་བྱས་ཏེ“སྐྱེ་ཁམས་མཛེས་པ”དང“མང་ཚོགས་ཕྱུག་འགྱུར”ཡོང་བར་བྱས་ཡོད། 2023ལོའི་ཟླ་དང་པོ་ནས་དྲུག་པའི་བར། དཔའ་ཤོད་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་74ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་6000ཙམ་བྱུང་བ་མ་ཟད། ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་650ཙམ་བྱུང་ཡོད།
ཡུལ་སྐོར་ཐོན་ལས་ཀྱིས་ལས་ཞུགས་ལས་གཏོད་ལ་སྣེ་ཁྲིད་བྱེད་པའི་ནུས་པ་སྔར་བས་འདོན་ཆེད། རྫོང་མི་སྤྱི་ཅུས་ཀྱིས་ཤང(གྲོང་རྡལ)ཁག་དང་། རྫོང་ཨུད་རྩ་འཛུགས་པུའུ། ཡུལ་སྐོར་གསར་སྤེལ་ཅུས་སོགས་སྡེ་ཚན་དང་མཉམ་དུ་ཞིང་འབྲོག་ཏང་ཡོན་གྱིས་སྣེ་ཁྲིད་པ་དང་། ཏང་ཡོན་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡུལ་སྐོར་ཐོན་ལས་ལ་ཞུགས་པར་སྐུལ་འདེད་བཏང་ནས་ཞིང་འབྲོག་མང་ཚོགས་ཡུལ་སྐོར་བྱ་གཞག་གཉེར་དུ་བཅུག་ཡོད། ར་འོག་གྲོང་རྡལ་ལ་སྒོ་གྲོང་ཚོའི་ཏང་ཀྲི་པུས་སྣེ་ཁྲིད་དེ་ལ་སྒོ་གསར་བརྗེའི་ལྟ་སྐོར་རྟ་པའི་རུ་ཁག་དང་ལ་སྒོ་གྲོང་ཚོའི་མགྲོན་ཁང་བཙུགས་པ་དང་། དངུལ་སྒོར་ཁྲི་60ཙམ་བཏང་ནས་རླངས་འཁོར་ཉོས་ཏེ་ལ་སྒོའི་འཁྱགས་རོམ་མཛེས་ལྗོངས་སུ་ཡུལ་སྐོར་བ་སྐྱེལ་འདྲེན་བྱས་ནས་ཡོང་འབབ་བསགས་ཡོད།