མཛེས་པའི་གྲོང་གསེབ་སྐྲུན། སྐྱིད་པའི་ཁྱིམ་གཞིས་གཏོད།
—— སྟོད་ལུང་བདེ་ཆེན་ཆུས་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ།
“བདེ་སྐྱིད་བོད་ཁྱིམ”ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ལས་གྲྭའི་རྨང་གཞིའི་ཐོག་བཏོད་པའི་ཡུལ་སྐོར་གྱི་ཁྱིམ་ཚང་མགྲོན་ཁང་གྲོང་ཚོ་རྩེ་གྲའི་རྣམ་གྲངས་ཤིག་རེད། འོན་ཀྱང་དེའི་གོང་ལ་འདི་ག་ནི་འབྲུ་རིགས་ཐོན་འབབ་ཧ་ཅང་ཉུང་བའི་བྱེ་ས་ཞིག་རེད།
ད་ཆ་འབྲོག་མ་གྲོང་ཚོར་སྐྱོད་སྐབས་མིག་ལམ་དུ་འཆར་བ་ནི་རྒྱ་ཆེ་ལ་གཙང་སྦྲ་དོད་པའི་ཁྲོམ་གཞུང་དང་། བོད་བཟོའི་ཁང་པ་ཐོག་ཉིས་མ། རིག་གནས་ལུས་སྦྱོང་ཐང་ཆེན། མཛེས་ལྗོངས་རིག་གནས་གྱང་དང་། དེ་བཞིན་བཟོ་ལྟ་དཔེ་གསར་གྱི་ཉི་གློག་སོགས་ཡིན་པ་རེད། རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མ་ཟད། ཐོན་ལས་འཕེལ་རྒྱས་ལ་བརྟེན་པས་ལོ་ལྟར་དེ་གའི་གྲོང་མིར་ད་དུང་དངུལ་སྨར་ཡོང་འབབ་མང་པོ་ཡོང་གི་ཡོད།
སྟོད་ལུང་བདེ་ཆེན་ཆུས་སུ་འབྲོག་མ་གྲོང་ཚོ་ལྟ་བུ་ཕྱི་ནང་གཉིས་ཀ་ཡག་པའི་མཛེས་སྡུག་ལྡན་པའི་གྲོང་ཚོ་ད་དུང་མང་པོ་ཡོད་ཅིང་། འབྲོག་མ་གྲོང་ཚོ་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་པའི་བསྡུས་རིས་ཤིག་རེད།
2021ལོར་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་བའི་རྨང་གཞིའི་ཐོག་སྟོད་ལུང་བདེ་ཆེན་ཆུས་ཀྱིས་བབ་བསྟུན་འཕྲལ་སྒྲུབ་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ཆེན་པོ་དེ་ཧུར་ཐག་བསྒྲུབས་ནས་གྲོང་གསེབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་འགྲོ་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་བ་རེད།
ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ཞིང་། “གླིང་གསུམ་དང་། ཁྱད་ལྡན་གཅིག གནས་མང་བ”བཅས་ཀྱི་ས་གཙང་བདེ་ཐང་ཐོན་ལས་ཀྱི་བཀོད་ཇུས་གཞིར་བཟུང་། བདེ་ཆེན་བོད་སྨན་སྨན་རྩྭ་འདེབས་འཛུགས་གླིང་དང་། དམར་གྲོང་རྡལ་གྱི་ཤ་མོ་ཐོན་ལས་གླིང་། རྒུ་རུམ་གྱི་སྔོ་ཚལ་དང་མེ་ཏོག་གི་ཞིང་ལས་ཐོན་ལས་གླིང་བཅས་གཙོ་གནད་ཐོག་བསྐྲུན་པ་དང་། ཁྱད་ལྡན་ནས་ལས་སྣོན་ལས་རིགས་བསྡུ་སྒྲིལ་བྱས་ནས“རྒུ་རུམ་རྩམ་པའི”སྤུས་རྟགས་བཏོད་པ། “གླིང་གཅིག་རོང་གཉིས”ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཁྱབ་ཚུལ་གཞིར་བཟུང་། གཡུ་ཐོག་ལུང་ཤུར་གྱི“སྨན་རྒྱལ་རོང་གི་རིག་གནས་ཡུལ་སྐོར་རྣམ་གྲངས”དང་། མཚུར་ཕུ་ལུང་ཤུར་གྱི་རིག་གནས་ཡུལ་སྐོར་རྣམ་གྲངས། ཞང་ཞུང་མེ་ཏོག་སྐྱེ་ཁམས་ཡུལ་སྐོར་རིག་གནས་ཐོན་ལས་གླིང་བཅས་གཙོ་གནད་ཐོག་བསྐྲུན་པ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྐྱོར་ཐོན་ལས་ཀྱི་རྒྱུ་ནོར་དེ་གྲོང་ཚོའི་མཉམ་སྡེབ་དང་གཞུང་ཁོངས་ཁེ་ལས་སུ་གཏན་འཁེལ་བྱས་ནས་རྣམ་གྲངས་ཀྱི་ཁེ་ཕན་ཐོབ་དབང་དེ་གྲོང་ཚོའི་མཉམ་སྡེབ་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་དབུལ་སྐྱོར་རྣམ་གྲངས་ཐོན་ལས་ཀྱི་སྐུལ་ཁྲིད་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།
2021ལོར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་3.64ལྷག་ཙམ་བསྡུ་སྒྲིལ་བྱས་ཏེ། ཐོན་སྐྱེད་འཕེལ་རྒྱས་རིགས་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་རིགས། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་རིགས། དབུལ་སྐྱོར་དངུལ་བུན་གྱི་སྐྱེད་སྦྱར་སོགས་ཐད་ཀྱི་རྣམ་གྲངས་26ལག་བསྟར་བྱས་པར། རྣམ་གྲངས་19ལེགས་སྒྲུབ་ཟིན་པ་དང་། རྣམ་གྲངས་7སྐྲུན་བཞིན་ཡོད་པ། ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་3.25ལྷག་ཙམ་བཏང་བ། གཏོང་ཚད་89.1%ཟིན་པ་བཅས་རེད། “ཁེ་ལས(གྲོང་ཚོ)སྟོབས་ཆེན་གྱིས་ཉམས་ཞན་གྲོང་ཚོར་རོགས་སྐྱོར”བྱ་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་ནས་ཁེ་ལས་ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཚང་མར་རོགས་སྐྱོར་ཐུབ་ཡོད། དེ་དང་ཆབས་ཅིག་རྣམ་གྲངས་བཀོད་སྒྲིག་ཐད་གྲོང་ཚོའི་མཉམ་སྡེབ་ལ་ཕྱོགས་པ་དང་ཐོན་ལས་རྣམ་གྲངས་ལག་བསྟར་གྱི་རེ་ཞུ་ཚང་མ་གྲོང་ཚོའི་མཉམ་སྡེབ་དང་འབྲེལ་བ་ཡོད་པ་རེད། གྲོང་ཚོ(སྡེ་ཁུལ)31གི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་100ཡན་ཟིན་པའི་ནང་གྲོང་ཚོ(སྡེ་ཁུལ)5ཡི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་1000ཡན་ཟིན་ཡོད་པ་རེད།
“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”རྒྱུན་མཐུད་སྲ་བརྟན་དུ་བཏང་ཞིང་། མ་དངུལ་སྒོར་ཁྲི་485.97བཏང་ནས་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་གི་རྣམ་གྲངས་49ལེགས་སྒྲུབ་བྱས་པ་དང་། སློབ་གསོའི་སྤུས་ཚད་དང་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་འོས་འགན་སློབ་གསོ་བརྟན་དུ་གཏོང་ཚད་100%ཟིན་པ། ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་གི་བུ་ཕྲུག་གིས་མཐོ་རིམ་སློབ་གསོ་དང་ལེན་བྱེད་པའི་སློབ་ཡོན་དང་། ཉལ་ཁང་གི་གྲོན་དངུལ། དཔེ་དེབ་ཀྱི་གྲོན་དངུལ་བཅས་ཚང་མར་རོགས་སྐྱོར་བྱས་པ་དང་འཚོ་བའི་འགྲོ་གྲོན་སྒོར་3000གི་ཚད་གཞི་ལྟར་ཁ་གསབ་བྱས་པར་རིམ་རྩིས་བྱས་ན་དོན་འཁྱོལ་བྱས་པའི་སློབ་གསོའི་ཁ་གསབ་མ་དངུལ་མི་ཐེངས་1109དང་སྒོར་ཁྲི་333.59ལྷག་ཙམ་ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་སྒོར་ཁྲི་42ཟིན་པའི་ཕོན་ཆེན་ཁ་གསབ་སྨན་བཅོས་འགན་བཅོལ་ཉོས་ནས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་མི་ཐེངས་576ལ་སྨན་བཅོས་འགྲོ་གྲོན་སྒོར་ཁྲི་335.98རྩིས་ཞུ་བྱས་པ་རེད།
ལས་གནས་བརྟན་པོ་དང་ལས་ཞུགས་འབབ་འཕར་ལ་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཞིང་། དབུལ་སྒྲོལ་མི་འབོར་དང་མཐར་ལུས་དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་སླ་བའི་མི་འབོར་གྱི་ལས་གཉེར་གནས་ཚུལ་དང་། ལས་གཉེར་བསམ་ཚུལ། རོགས་སྐྱོར་གྱི་དགོས་མཁོ་བཅས་ཁྱོན་ཡོངས་ནས་གསལ་རྟོགས་དང་ཁོང་དུ་གནད་སྨིན་ཆུད་པར་བྱས་ཏེ། ལྗོངས་ཕྱི་ནང་གི་གཞུང་ཁོངས་ཁེ་ལས་དང་། ཕྲན་ཚེགས་ཁེ་ལས། དམངས་གཉེར་ཁེ་ལས་བཅས་ཀྱི་ལས་ཞུགས་ལས་སྟེགས་སྔོག་འདོན་གང་ལེགས་བྱས་ནས་ལས་གནས་3718བཏོད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་60ཡི་ལོ་འདི་གའི་སློབ་ཐོན་སློབ་མ་100%ལས་ཞུགས་ཐུབ་ཡོད་པ་རེད། ལས་གནས་ལ་ཁ་གསབ་སྤྲོད་པའི་སྲིད་ཇུས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་མི་ཐེངས་1501དང་དེ་བཞིན་ཡོང་འབབ་དམའ་བའི་མང་ཚོགས་ལས་གནས་སུ་བཀོད་སྒྲིག་བྱས་ཏེ་ཁ་གསབ་མ་དངུལ་སྒོར་ཁྲི་510.65སྤྲད་པ་རེད། རྨང་གཞི་དེའི་ཐོག་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་སྤྲོད་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྲིད་ཇུས་ལ་ནན་པོར་གཞིགས་ནས་མང་ཚོགས་ལ་དུས་ཐོག་ཏུ་ཁ་གསབ་སྤྲད་པ་རེད། 2021ལོར་ཆ་རྐྱེན་དང་མཐུན་པའི་དབུལ་སྒྲོལ་མང་ཚོགས་280ལ་སྐུལ་ལྕག་གི་ཁ་གསབ་མ་དངུལ་ཁྱོན་སྒོར་ཁྲི་123.16སྤྲད་པ་རེད།
འབོར་ཉུང་ཡིད་རྟོན་དངུལ་བུན་གྱི་འདེགས་སྐྱོར་ནུས་པ་མངོན་གསལ་དོད་ཅིང་། ཐོན་ལས་དབུལ་སྐྱོར་གྱི་དངུལ་རྩའི་དངུལ་བུན་དང་། གནད་སྨིན་དབུལ་སྐྱོར་གྱི་སྐྱེད་སྦྱར་དངུལ་བུན། གནད་སྨིན་དབུལ་སྐྱོར་གྱི་འབོར་ཉུང་དངུལ་བུན་སོགས་དངུལ་རྩའི་སྲིད་ཇུས་ལག་བསྟར་གནད་སྨིན་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་87ལ་སྐྱེད་ཚད་1.08%ལྟར་མ་དངུལ་བསྡུ་སྒྲིལ་གྱི་དངུལ་བུན་སྒོར་ཁྲི་404.3བཏང་བ་རེད།