རྒྱ་ཚ་རྫོང་གིས་སྟར་ཁའི་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ།
ཉིན་ཤས་གོང་། ཧུའུ་པེ་དབྱི་ཁྲང་བོད་སྐྱོར་ལས་དོན་རུ་ཁག་གིས་རྒྱ་ཚ་རྫོང་ནགས་ལས་རྩྭ་ཐང་ཅུས་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གནའ་བོའི་སྟར་སྡོང་ལ་བརྒྱུད་རིམ་ལྡན་པའི་ཡོངས་བཤེར་དང་བྱང་བུ་བཀལ་བ་རེད། རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་ར་ཀོ་གྲོང་ཚོའི་ལོ་ཚད་1800ཟིན་པའི་གནའ་བོའི་སྟར་སྡོང་ལ“ཚེ་རིང་ར་ཀོ ལོ་ངོ་སྟོང་གི་སྟར་སྡོང”གི་བྱང་བུ་བཀལ་ཞིང་། གྲོང་མི་དང་ཡུལ་སྐོར་བས་བྱང་བུའི་ཐོག་འཁོད་པའི་རྩ་གཉིས་ཨང་རྟགས་བཤེར་ན་སྟར་སྡོང་གི་གཞི་རྩའི་ཆ་འཕྲིན་ཤེས་རྟོགས་ཐུབ་ནས་གནའ་བོའི་སྟར་སྡོང་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་འགྲོ་ཐུབ།
རང་ལྗོངས་ནི་རྒྱལ་ཡོངས་ཀྱི་སྟར་ཁའི་ཁྱབ་ཁུལ་ཆེན་པོ་དྲུག་གི་གྲས་ཤིག་ཡིན་ཞིང་། དེའི་ནང་རྒྱ་ཚའི་སྟར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་དང་གནའ་བོའི་སྟར་སྡོང་མང་ཤོས་ཡིན་པ་དང་དེར་ལོ་བརྒྱ་ཡན་གྱི་གནའ་བོའི་སྟར་སྡོང་3657ཡོད་པ་དང་། ལོ་ངོ་སྟོང་ཡན་གྱི་གནའ་བོའི་སྟར་སྡོང་500ལྷག་ཙམ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། དེ་སྔ་གནའ་བོའི་སྟར་སྡོང་གི་ཐོན་ཁུངས་ལ་ཡུན་རིང་དོ་དམ་མ་ཐུབ་པའི་དབང་གིས་རྒྱ་ཚ་རྫོང་གི་གནའ་བོའི་སྟར་སྡོང་གསུམ་ཆ་གཉིས་ཙམ་སྐྱེ་འཚར་ཡག་པོ་མ་ཐུབ་པར་འབྲས་བུ་མི་བཏགས་པའམ་ཡང་ན་འབྲས་བུ་ཐོགས་ཉུང་ཉུང་རེད། རྣམ་པ་དེར་འགྱུར་ལྡོག་གཏོང་ཆེད། ཧུའུ་པེ་དབྱི་ཁྲང་བོད་སྐྱོར་ལས་དོན་རུ་ཁག་གི་རྒྱབ་སྐྱོར་དང་སྐུལ་ཁྲིད་འོག་རྒྱ་ཚ་རྫོང་གིས་ལོ་གཅིག་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད་རྫོང་དེའི་སྟར་ཁའི་ཐོན་ལས་དེ་སྣ་ཁ་འདེམས་གསོ་དང་། སྦྱར་ཁ་རྒྱག་པའི་ལག་རྩལ། སྐྱེ་ཁམས་ཕན་འབྲས་འདེབས་གསོ་སོགས་ཐད་འཕེལ་རྒྱས་བརྟན་པོ་བྱུང་ནས་སྟར་ཁའི་ཐོན་ལས་རྗེས་མཐུད་འཕེལ་རྒྱས་ལ་སྲུང་སྐྱོང་བརྟན་པོ་བྱས་ཡོད། མིག་སྔའི་བར་རྒྱ་ཚ་རྫོང་གི་སྟར་ཁའི་འདེབས་ཁྱོན་མུའུ་ཁྲི་4.5ཟིན་ནས་ལོ་རེར་སྟར་ཁ་ཏུན་1000ལྷག་ཙམ་ཐོན་ནས་སྟར་ཁའི་ཐོན་ལས་དེ་རྒྱ་ཚའི་དབྱར་རྩྭ་དགུན་འབུ་དང་སྐད་གྲགས་སྙོམས་པའི་ཀ་རྟེན་རང་བཞིན་གྱི་ཞིང་ལས་དང་ནགས་ལས་ཀྱི་ཐོན་ལས་ཤིག་ཏུ་གྱུར་ཡོད།