སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་ལྷ་སའི་ཞོ་སྟོན།
2023ལོའི་ལྷ་སའི་ཞོ་སྟོན་གྱི་རིམ་སྤེལ་བྱེད་སྒོ་ཟླ་8ཚེས་16ནས་ཟླ་མཇུག་བར་རྒྱུན་མཐུད་ནས་སྤེལ་རྒྱུ་ཡིན་ཞིང་། གྲོང་མི་ཚོས་རོ་བཅུད་ལྡན་པའི་ཟས་རིགས་དང་བཏུང་བྱ་སྣ་ཚོགས་འཁྱེར་ནས་ནོར་བུ་གླིང་ཁར་གླིང་ཁ་གཏོང་བར་འགྲོ་གི་ཡོད། དེ་གར་གཡུ་ལོ་ཐགས་སུ་བཀྲ་བའི་རྩྭ་རྩི་ཤིང་དང་། བཟོ་བཀོད་ལེགས་པའི་ཁང་བཟང་། ཡིད་དབང་རབ་ཏུ་འཕྲོག་པའི་ལྷ་མོ་འཁྲབ་སྟོན་བཅས་ཡོད།
ལོ་62ལ་སླེབས་པའི་སྙན་གྲགས་དང་ནང་མི་རྣམས་དགའ་སྤྲོའི་ངང་ལྗོན་ཤིང་གི་བསིལ་གྲིབ་འོག་གླིང་ཁ་གཏོང་བཞིན་ཡོད། གླིང་ཁ་གཏོང་སྲོལ་གྱི་འགྱུར་ལྡོག་སྐོར་གླེང་སྐབས་སྙན་གྲགས་ཀྱིས“དེ་སྔོན་མི་རྣམས་ཀྱིས་ཞོ་སྟོན་ལ་མ་གཏོགས་གླིང་ཁ་གཏོང་སྲོལ་མེད། ད་ཆ་འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པ་དང་ཆབས་ཅིག་གླིང་ཁ་གཏོང་ས་ཡང་ཧ་ཅང་མང་པོ་ཡོད་པས་གླིང་ཁ་གཏོང་རྒྱུ་དེ་ང་ཚོས་གཟའ་མཇུག་དགའ་སྤྲོའི་ངང་གཏོང་བའི་གདམ་ག་ཡག་ཤོས་ལ་གྱུར་ཡོད། སྔོན་མ་ཞོ་སྟོན་སྐབས་ཞོ་ཚང་མ་ཤིང་ཕོར་དང་དཀར་ཡོལ་ནང་བླུགས་ནས་ལྡག་སྲོལ་ཡོད། ད་ཆ་སྤུས་ལེགས་ཀྱི་ཐུམ་སྒྲིལ་བརྒྱབ་པའི་ཞོ་གང་དགོས་ཡོད་པས་རང་ཉིད་ཀྱི་དགའ་ཕྱོགས་བཞིན་གདམ་ག་བྱེད་ཆོག”ཅེས་བཤད།
གསར་འགོད་པས་མི་ཚོགས་ཁྲོད་དུ་ལག་ཏུ་པར་ཆས་འཁྱེར་ནས་ལྷ་མོ་ལྟ་མཁན་གྱི་ཅི་ནན་གྱི་ཡུལ་སྐོར་བ་ཨ་ཅག་ཤཱ་ལགས་ལ་དོ་སྣང་ཆེན་པོ་བྱུང་། ཁོང་གིས་དྲ་རྒྱའི་ཐད་གཏོང་ནས་ནོར་བུ་གླིང་ཁར་ཉིན་ལྟར་ལྷ་མོ་སྣ་ཚོགས་འཁྲབ་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གྲངས་གཞི་ལས་མངོན་པར། ཚེས་17ཉིན་གྱི་དགོང་མོའི་ཆུ་ཚོད་12བར་འགོ་ཚུགས་མཛད་སྒོ་དྲ་ཐོག་ནས་ལྟ་མཁན་མི་ཐེངས་བསྡོམས་ཁྲི་432.5ལྷག་ཙམ་ཟིན་པ་དང་ཞོ་སྟོན་བརྗོད་གཞིར་བྱས་པའི་བརྙན་ལམ་ལྟ་ཚད་བསྡོམས་ཐེངས་ཁྲི་4127.2ཟིན་ཡོད། མི་དེ་བས་མང་བས་ཐད་གཏོང་བརྒྱུད་གནའ་བོའི་ལྷ་མོའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ལ་ཉམས་ལེན་ཐུབ་ཡོད།
“ལྷ་མོའི་ཕ་ཡུལ”ཞེས་གྲགས་པའི་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་གི་ལྷ་མོའི་འཁྲབ་སྟོན་པ་བགྲེས་སོང་སྟོབས་རྒྱལ་གྱིས“བོད་དུ་འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པ་དང་དྲ་རྒྱའི་ཐད་གཏོང་ཁྱབ་གདལ་བྱུང་བ་དང་བསྟུན་ནས་ལྷ་མོ་འཁྲབ་སྟོན་བྱེད་པ་དེ་ལུང་ཁུག་གི་འཚོ་བ་སྐྱེལ་སྟངས་ཁོ་ན་མ་ཡིན་པར། ཤང་དང་ཤང་དབར་དང་གྲོང་ཁྱེར་དང་གྲོང་ཁྱེར་དབར་སྤེལ་རེས་རྒྱ་ཁྱབ་བྱེད་སར་གྱུར་ནས་ལྷ་མོའི་འཁྲབ་སྟོན་ལྟ་མཁན་མང་དུ་འགྲོ་བཞིན་ཡོད”ཅེས་བཤད།
འདི་ལོའི་ཞོ་སྟོན་ནི་ཀོང་ཏུང་ཁོར་ཡུག་ཚན་རིག་ཞིབ་འཇུག་ཁང་གི་སྐྱེ་ཁམས་ཤེས་དཔལ་དང་ལྗང་མདོག་འཕེལ་རྒྱས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ཤིའུ་ཡུས་བོད་དུ་ཡོང་ཐེངས་38པ་དེ་རེད། ཁོང་གིས་ཞོ་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་དེ་ཐོག་ནས་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་རྒྱུན་འཛིན་བྱེད་ཚུལ་མངོན་པ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་གང་ལེགས་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། “ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་དང་། ལྷ་ས་སྐྱིད་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཉམས་གསོ། ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་ལས་གྲྭ་དང་འབྲེལ་བ་ཡོད་པའི་ལྷོ་རིའི་སྤྱི་གླིང་དང་། འབྲས་སྤུངས་དགོན་གྱི་ཡུག་ཁུལ། ལྷ་ས་སྐྱིད་ཆུའི་འགྲམ་ངོགས་བཅས་དང་ཞོ་སྟོན་དབར་འབྲེལ་བ་དམ་ཟབ་བྱུང་ནས་ས་གནས་དེ་གའི་མང་ཚོགས་ལ་ཁོར་ཡུག་དེ་བས་ལེགས་པའི་ཁྲོད་ཞོ་སྟོན་གཏོང་རྒྱུ་བྱུང་ཡོད”ཅེས་ཀྲང་ཤིའུ་ཡུས་ཀྱིས་བཤད།
རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་ལས་ཞོ་སྟོན་འདི་ཉིད་སྲོལ་རྒྱུན་གྱི་རིག་གནས་དུས་ཆེན་ཙམ་མ་ཟད། དཔལ་འབྱོར་གྱི་ཁྱད་ཆོས་ལྡན་པའི་ལྷ་སའི་མིང་བྱང་ལྟ་བུར་གྱུར་ནས་ལྷ་སའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་བཟང་པོ་ཞིག་ཏུ་གྱུར་ཡོད། ཚེས་17ཉིན་2023ལོའི་ལྷ་སའི་ཞོ་སྟོན་གྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་ལ་གཅིག་སྡུད་གན་རྒྱ་འཇོག་པའི་མཛད་སྒོར་ཁྱོན་རྣམ་གྲངས་32ལ་གན་རྒྱ་བཞག་པར་མ་དངུལ་བསྡོམས་སྒོར་དུང་ཕྱུར་130.56ཟིན་ཡོད།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་20ཉིན་འབྱོར་བའི་གློག་འཕྲིན)