དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྐབས་བདུན་པ་དང་ཀྲུང་གོའི་ཁུན་མིང་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ཉོ་ཚོང་འདུ་ཚོགས་སྐབས་ཉེར་བདུན་པ་འགོ་ཚུགས་པ།

    བོད་ལྗོངས་ཀྱིས་ཁྱད་ལྡན་ཁེ་ལས་14སྒྲིག་འཛུགས་བྱས་ནས་འགྲེམས་ཚོང་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-18

    ཚེས་16ཉིན་གྱི་སྔ་དྲོར། ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྐབས་བདུན་པ་དང་ཀྲུང་གོའི་ཁུན་མིང་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ཉོ་ཚོང་འདུ་ཚོགས་སྐབས་ཉེར་བདུན་པ(གཤམ་དུ“ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས”ཞེས་བསྡུ་རྒྱུ)ཡུན་ནན་ཁུན་མིང་གི་ཁུན་མིང་མཚོ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་ཤིང་། རང་ལྗོངས་ཀྱིས“སྲིད་གཞུང་གི་ཚོགས་པ+དཔལ་འབྱོར་ཚོང་དོན་གྱི་ཚོགས་པའི”ཐབས་ལམ་ཐོག་ནས་ཁྱད་ལྡན་ཁེ་ལས་14སྒྲིག་འཛུགས་བྱས་ཏེ་འགྲེམས་ཚོང་ལ་ཞུགས་པ་རེད།

    ད་རེས་ཀྱི་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ལ་འགྲེམས་ཁང་15བཙུགས་པར་འགྲེམས་སྟོན་གྱི་ས་ཁྱོན་སྨི་ངོས་གྲུ་ཁྲི་15ཟིན་པ་དང་། དྲ་ཐོག་ཏུ་དྲ་ཕྱིའི་འགྲེམས་ཁང་གི་ནང་དོན་དག་སྟོན་གྱི་ཡོད་ཅིང་། འགྲེམས་ཁང་བཅུ་པར་གནས་པའི་བོད་ཀྱི་འགྲེམས་ཁང་ལ་བོད་ཀྱི་རང་བྱུང་གཏེར་ཆུ་དང་། བོད་ཀྱི་སྦྲང་རྩི། ནག་ཆུའི་དབྱར་རྩྭ་དགུན་འབུ། ཁ་ཆེ་ཤ་སྐམ། བདུག་སྤོས་སོགས་འགྲེམས་རྫས་ཕུན་སུམ་ཚོགས་པོ་ཡོད་པས། ལྟད་མོ་བ་དང་ཉོ་མཁན་ཚོང་པའི་ཡིད་དབང་བཀུག་ཡོད།

    བོད་ཀྱི་འགྲེམས་ཁང་དུ་སའི་གོ་ལའི་གླིང་སྣེ་གསུམ་པར་གྲགས་པའི་སྤུས་རྟགས་ཀྱིས་ཚང་མའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ཅིང་། སྤུས་རྟགས་དེ་ནི་རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་ཀྱི་མཐོ་ཚད་དུ་ལངས་པ་དང་ལྗོངས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མཉམ་དུ་བཏོད་པའི་ས་གཤིས་ཀྱི་མཚོན་རྟགས་དང་སྤྱི་སྤྱོད་ཀྱི་རང་བཞིན་གཞི་གཅིག་ཏུ་འདུས་པའི་སྤྱི་པའི་སྤུས་རྟགས་ཤིག་ཡིན་ཞིང་། དེ་ནི་བོད་ཀྱི་སའི་གོ་ལའི་གླིང་སྣེ་གསུམ་པའི་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིར་དབང་བ་ཞིག་རེད། ཀུང་སི་དེའི་ལས་དོན་པ་ཞང་སྒྲོལ་མས་ད་རེས་འགྲེམས་སྟོན་བྱས་པ་ཚང་མ་སའི་གོ་ལའི་གླིང་སྣེ་གསུམ་པར་མ་གཏོགས་མེད་པའི་ཐོན་རྫས་ཤ་སྟག་ཡིན་པས་དོ་ཁུར་བྱེད་མཁན་ཧ་ཅང་མང་པོ་འདུག་ཅེས་ངོ་སྤྲོད་བྱས།

    “ང་ཚོས་ཕ་ཡུལ་གྱི་དབྱར་རྩྭ་དགུན་འབུ་རྒྱ་མ་22ཁྱེར་ནས་ཁུན་མིང་གི་འགྲེམས་ཚོགས་ལ་ཞུགས་ནས་ཕ་ཡུལ་གྱི་ཐོན་རྫས་སྤུས་དག་མི་དེ་བས་མང་བར་བསྟན་ཏེ་བོད་ཀྱི་རིག་གནས་བརྒྱུད་སྤེལ་ཐུབ་པའི་རེ་བ་འཆང་བཞིན་ཡོད”ཅེས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གི་ངག་དབང་ཆུང་བདག་གིས་གསར་འགོད་པར་བཤད། ཁོང་གིས་ལོ་40ལྷག་ཙམ་གོང་། རང་ཉིད་ཀྱི་ཕ་མེས་ཀྱིས་དབྱར་རྩྭ་དགུན་འབུའི་ཚོང་བརྒྱབ་ནས་ད་ཆ་ནག་ཆུ་བོད་དར་དབྱར་རྩྭ་དགུན་འབུ་ཚད་ཡོད་ཀུང་སི་བཙུགས་པ་མ་ཟད། ཡུལ་ཟོག་ཚོང་ཁང་ཀྲེ་ཅང་དུ་གཉེར་ནས་དབྱར་རྩྭ་དགུན་འབུའི་མིང་གྲགས་ཆོད་ཚད་ཇེ་ཆེར་བཏང་ཡོད་ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ཚོང་དོན་པུའུ་དང་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་བ་ཞིག་ཡིན་པ་དང་། “མཐུན་སྒྲིལ་རོགས་རེས་ཀྱིས་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱེད”བརྗོད་དོན་གཙོ་བོར་བྱས་ནས་འགྲེམས་ཚོགས་དུས་ཡུན་ཉིན་ལྔ་གཉེར་རིང་། ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་མཉམ་ལས་གླེང་སྟེགས་སྐབས་བཞི་པ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་ལག་རྩལ་བརྗེ་སྒྱུར་དང་གསར་གཏོད་མཉམ་ལས་ཚོགས་ཆེན་སྐབས་བཞི་པ། RCEPཡི་རྒྱལ་སྤྱིའི་ཚོང་དོན་མ་དངུལ་མཉམ་ལས་གླེང་སྟེགས་སྐབས་གཉིས་པ་དང་དེ་བཞིན་དཔལ་འབྱོར་ཚོང་དོན་མཉམ་ལས་རྣམ་གྲངས་ཀྱི་གན་རྒྱ་འཇོག་པའི་མཛད་སྒོ་སོགས་འདུ་ཚོགས་ཀྱི་བྱེད་སྒོ་14ཙམ་གཉེར་གྱི་ཡོད་པ་དང་། གཞན་ཡང་། གཙོ་གཉེར་ཕྱོགས་ཀྱིས་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་2013ལོར་ཐོག་མར་གཉེར་བ་ནས་ཁུན་མིང་ལ་གཞིས་ཆགས་པ་དང་ལོ་མང་འཕེལ་རྒྱས་སོང་བ་བརྒྱུད་ཀྲུང་གོས་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་དབར་དཔལ་འབྱོར་ཚོང་དོན་ཐད་མཉམ་ལས་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ལ། ས་གནས་ཀྱིས་ཉེ་འཁོར་རྒྱལ་ཁབ་ལ་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུའང་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།