དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ས་མཐོའི་བུད་མེད་ཀྱི་ཉམས་འགྱུར་ཅི་དགར་ངོམ།

    —— ཉེ་བའི་ལོ་ཤས་རིང་གི་ལྷོ་ཁ་གྲོང་ཁྱེར་གྱི་བུད་མེད་བྱ་གཞག་གི་འཕེལ་རྒྱས་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-16

    དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གཡུལ་ས་ནས་མཐའ་མཚམས་འཛུགས་སྐྲུན་བྱེད་པའི་འཐབ་ས་བར་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ས་ནས་སྤྱི་ཚོགས་ཞབས་ཞུའི་ཁྱབ་ཁོངས་ཁག་གི་བར། ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བུད་མེད་ཚོས་རང་ངོས་ཀྱི་ནུས་ཤུགས་བཏོན་དང་འདོན་བཞིན་ཡོད།

    དཔེ་སྟོན་སྣེ་ཁྲིད་ལ་གཙིགས་ཆེན་དང་ཤུགས་སྣོན་བརྒྱབ་པ།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཁྱབ་ཁོངས་ཁག་གི་བུད་མེད་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ཏེ། རྒྱ་ཆེའི་བུད་མེད་ཚོར་སྔོན་ཐོན་ལ་སློབ་སྦྱོང་དང་སྔོན་ཐོན་གྱི་རྗེས་བསྙེགས་པར་ཁྲིད་སྟོན་དང་སྐུལ་ལྕག་བྱས་ཤིང་། བུད་མེད་རྣམས་ཀྱིས་ཁྱབ་ཁོངས་ཁག་དང་ལས་རིགས་ཁག་ཏུ་གནམ་ཕྱེད་ཀ་འདེགས་ཐུབ་པའི་མཛངས་མའི་ཞུམ་མེད་ཀྱི་སྙིང་སྟོབས་མངོན་བཞིན་ཡོད།

    རྒྱ་ཚ་རྫོང་ལྷ་གསོལ་ཤང་རྒྱུན་འགྲུལ་པ་གྲོང་ཚོ་ནས་ཡིན་པའི་གསུམ་མཆོག་ལྷ་མོ་ནི་ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་ནས་ཐོན་པའི་རང་སྐྱོང་ལྗོངས་ཀྱི“དབུལ་སྒྲོལ་འགག་སྒྲོལ་གྱི་བུད་མེད་འཇོན་ཐང་ཅན”དང“གསུམ་བརྒྱད་དར་དམར་བའི”གཟི་བརྗིད་མཚན་སྙན་ཐོབ་མཁན་བུད་མེད་ཀྱི་དཔེ་མཚོན་ཞིག་རེད། ལོ་14སོན་ཙམ་ནས་སྨྱུག་བསླས་ལག་རྩལ་སྦྱངས་པ་དང་ལོ་27ལ་སླེབས་སྐབས་དགེ་ཕྲུག་ཉར་བ་དང་། མིག་སྔར་ཁོང་གིས་བུད་མེད་20ལྷག་ཙམ་ལ་སྨྱུག་བསླས་ལག་རྩལ་བསླབས་ནས་ཁོ་ཚོར་འབབ་འཕར་བརྟན་པོ་ཡོང་བར་བྱས་ཡོད།

    2016ལོར་བོད་ལྗོངས་འགྲེམས་ཚོགས་ཐོག་ཁོང་གིས་བཟོས་པའི་སྨྱུག་བསླས་ཐོན་རྫས་ཉོ་མཁན་མང་པོ་བྱུང་ནས་ཁེ་གཙང་སྒོར་ཁྲི་2རག་ཡོད། གསུམ་མཆོག་ལྷ་མོ་དགའ་ཐག་ཆོད་དེ་བུད་མེད་ཚོ་སྣེ་ཁྲིད་ནས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན་པ་རེད།

    བོད་ལྗོངས་འགྲེམས་ཚོགས་ཚར་རྗེས་ཕ་ཡུལ་དུ་ལོག་སྟེ་ཡུན་རིང་མ་སོང་བར། ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཁོང་གིས་མང་ཚོགས་སྣེ་ཁྲིད་དེ་རྒྱ་ཚ་རྫོང་རྫམ་དམངས་ཕྱུག་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད།

    མཚམས་གཅོད་ནི་གསུམ་མཆོག་ལྷ་མོའི་དགེ་ཕྲུག་དང་པོ་དེ་ཡིན། མཚམས་གཅོད་ཀྱིས་གསར་འགོད་པར“ཞིང་དལ་སྐབས་ང་རང་མཉམ་ལས་ཁང་དུ་སྨྱུག་ཆས་སླ་བར་འགྲོ་གི་ཡོད་པས་ཉིན་གཅིག་ལ་ཡོང་འབབ་སྒོར་160ཡོད་པ་དང་ཁེ་བཟང་མང་བའི་སྐབས་སུ་ད་དུང་བྱ་དགའི་དངུལ་ཡང་ལེན་རྒྱུ་ཡོད”ཅེས་བཤད།

    གསུམ་མཆོག་ལྷ་མོ་དང་འདྲ་བར་རྒྱ་ཚ་རྫོང་དར་རྒྱས་བོད་བཟོའི་འཁེལ་འཐག་བཟོ་གྲྭའི་འགན་འཁུར་བ་ཚེ་རིང་སྒྲོལ་དཀར་ཡང་བུད་མེད་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། ཚེ་རིང་སྒྲོལ་དཀར་གྱིས་དྲ་ཐོག་དང་དྲ་ཕྱིའི་ཚོང་ཁང་ནས་ཐོན་རྫས་བཙོངས་ཏེ་བུད་མེད་30ལྷག་ཙམ་ལས་ཞུགས་འབབ་འཕར་ཡོང་བར་སྣེ་ཁྲིད་བྱས་ཡོད།

    བྱས་རྗེས་མངོན་གསལ་དོད་པར་བརྟེན་2022ལོར་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ཚ་རྫོང་དར་རྒྱས་བོད་བཟོའི་འཁེལ་འཐག་བཟོ་གྲྭར“བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བུད་མེད་ལས་ཞུགས་ལས་གཏོད་ཀྱི་དཔེ་སྟོན་རྟེན་གཞིའི”མིང་བཏགས་པ་རེད།

    གཙོ་འགན་གཙོ་ལས་ལ་དམིགས་ནས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་དང་བྱིས་པར་འབྲེལ་བ་བྱེད་པའི་འབྲེལ་ཟམ་དང་སྒྲོག་ཐག་གི་ནུས་པ་གང་ལེགས་བཏོན་ཏེ། བུད་མེད་ཀྱི་བློ་གྲོས་གཅིག་ཏུ་བསྡུས་པ་དང་བུད་མེད་ཀྱི་སྟོབས་ཤུགས་བརྟན་དུ་བཏང་སྟེ་རྒྱ་ཆེའི་བུད་མེད་རྣམས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དུས་རབས་གསར་པར་བྱས་རྗེས་འཇོག་བཞིན་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཚོ་རིམ་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གསོ་སྦྱོང་འཛིན་གྲྭ་གཉེར་རྒྱུ་གོ་སྐབས་སུ་བྱས་ནས་གྲོང་གསེབ་བུད་མེད་ཀྱི་བྱང་ཚད་མཐོ་རུ་ཏན་ཏིག་བཏང་ཞིང་། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་བུད་མེད་ལ“འབྲས་སྐྲན་གཉིས”ཀྱི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་བུད་མེད་6ལ“འབྲས་སྐྲན་གཉིས”ཕོག་པར་མི་རེར་རོགས་སྐྱོབ་མ་དངུལ་སྒོར་ཁྲི་1སྤྲད་པ་རེད།

    2022ལོའི་ཟླ་གཉིས་པར། མཚོ་སྨད་རྫོང་སྒོ་བསྡུས་ཤང་བཀྲ་ཤིས་སུམ་མདོ་གྲོང་ཚོར་བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་རུ་ཁག་གིས“ལས་ཀའི་སྤྱོད་ཚུལ་ལེགས་སུ་བཏང་ནས་ཏང་ཡོན་མང་ཚོགས་ལ་འཚམས་འདྲི་བྱེད་པའི”བྱེད་སྒོ་སྤེལ་སྐབས་གྲོང་ཚོའི་དེ་སྔའི་བུད་མེད་ཀྲུའུ་རེན་ཟླ་བ་སྒྲོལ་མས“གྲོང་ཚོའི་ནང་གི་བུད་མེད་ཁག་གཅིག་བཟའ་ཚང་ཁག་ཁག་བྱས་རྗེས་ཕྲུ་གུ་རང་ཉིད་ཀྱིས་གསོ་དགོས་པས་དཀའ་ངལ་ཆེན་པོ་ཡོད”ཅེས་གསལ་བཤད་བྱས།

    ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་བུད་མེད་ཨུ་ལྷན་གྱིས་གནས་ཚུལ་ཤེས་རྗེས་འཕྲལ་དུ་ཞིབ་དཔྱོད་དཔོན་སྒྲིག་འཛུགས་བྱས་ནས། བཀྲ་ཤིས་སུམ་མདོ་གྲོང་ཚོ་དང་འཕགས་ཚང་གྲོང་ཚོའི་བཅའ་སྡོད་བྱ་ཡུལ་དུ་བསྐྱོད་དེ་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་སྐོར་སྒྲོག་འགྲེལ་བྱས་པ་དང་། 《དམངས་དོན་ཁྲིམས་གཞུང》ནང་དུ་བཀོད་པའི་ཁྱིམ་ཚང་གི་གཏུམ་སྤྱོད་འཕྲད་སྐབས་མི་ལུས་བདེ་འཇགས་སྲུང་སྐྱོང་དང་། ན་སོ་དར་ལ་མ་བབས་པའི་བུ་ཕྲུག་གསོ་སྐྱོང་བྱེད་དགོས་པའི་ཕ་མའི་དོར་ཐབས་མེད་པའི་འོས་འགན་སོགས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཙོ་གནད་ཐོག་ངོ་སྤྲོད་བྱས་ཏེ་རྒྱ་ཆེའི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་དང་རང་ངོས་སྲུང་སྐྱོང་གི་ནུས་པ་ཆེ་རུ་བཏང་ཡོད།

    རྩ་འཛུགས་ལེགས་ཆ་འདོན་སྤེལ་བྱས་ནས་བུད་མེད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་བ།

    2022ལོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། རྒྱ་ཚ་རྫོང་ལྷ་གསོལ་ཤང་གི་བུད་མེད་དང་བླངས་ཞབས་ཞུ་རུ་ཁག་གིས་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་བཞག་སྟེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“སེམས་མཐུན་འབྲེལ་ཟམ”ཞིག་བསྐྲུན་པ་རེད།

    ལྷ་གསོལ་ཤང་གི་བུད་མེད་དང་བླངས་ཞབས་ཞུ་རུ་ཁག་ནི་ལ་ཟུར་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་རྩ་འཛུགས་ཨུ་ཡོན་དང་། གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། གྲོང་གསེབ་དར་རྒྱས་གྱི་ཆེད་བསྐོས་ལས་བྱེད་པ། གྲོང་ཚོའི་སྨན་པ་བཅས་ལས་གྲུབ་ཅིང་། ཁོང་ཚོས་རང་ངོས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་དཔའ་ངར་ཞུམ་མེད་ཀྱིས་མདུན་དུ་སྐྱོད་བཞིན་ཡོད།

    གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་གཡང་འཛོམས་ཀྱིས་རང་ཉིད་ཀྱི་དངུལ་བཏོན་ནས་ལ་ཟུར་གྲོང་ཚོའི་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དུད་ཚང་དང་དབང་པོ་སྐྱོན་ཅན་གྱི་འགན་ལེན་ལྔའི་དུད་ཚང་གཉིས་ལ་འཚོ་བའི་མཁོ་ཆས་ཉོས་ནས་སྤྲད་པ་རེད།

    2022ལོའི་ཟླ་2ཚེས་11ཉིན། ལྷོ་ཁ་གྲོང་ཁྱེར་བུད་མེད་ལུས་སྦྱོང་རུ་ཁག་གིས་སྣེ་གདོང་ཆུས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་བསྐྱོད་དེ། རྒན་རྒོན་ཚོར་འབྲས་གྲོ་ཞིབ་དང་ཤིང་འབྲས་སོགས་སྤྲད་པ་རེད། ད་དུང་རྒན་རྒོན་དང་མཉམ་དུ་ཤ་མོག་བཟོས་པ་དང་སྙིང་གཏམ་ཤོད་རེས་བྱས་ནས་ཁོང་ཚོའི་བསམ་ཚུལ་དང་རེ་སྒུག་ཉན་ཏེ་རྒན་གཅེས་རྒན་རོགས་ཀྱི་ཞི་མཐུན་རྣམ་པ་ཞིག་བཏོད་ཡོད།

    བུད་མེད་དང་བླངས་ཞབས་ཞུའི་བྱེད་སྒོ་དེ་དག་ལས་དུས་རབས་གསར་པའི་ལྷོ་ཁའི་བུད་མེད་ཀྱི་གཟུགས་བརྙན་བཟང་པོ་མངོན་ཡོད་ལ། དུས་རབས་གསར་པའི་ལྷོ་ཁའི་བུད་མེད་ཀྱི་སྟོབས་ཤུགས་ཀྱང་གཅིག་ཏུ་སྒྲིལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།