དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ​བོད་ཀྱི“ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དུ་རྟོག་ཞིབ་སྤེལ་རེས་བྱེད་པར་བསྐྱོད་པ།

    འགྲོ་འོང་ལྷག་བསམ་དག སྤེལ་རེས་ཟོལ་ལྷད་མེད། མཉམ་འདྲེས་བརྩེ་བ་ཟབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-16

    འདི་ནི་ལྟ་སྐོར་ཚོགས་པ་དང་བཅས་པས་ཀུ་ཐེན་གྲོས་ཚོགས་ཀྱི་གནས་རྙིང་དུ་ལྟ་སྐོར་བྱེད་བཞིན་པ།

    མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱ་ཆེད། ཉེ་ཆར་རང་ལྗོངས་ཀྱི“ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ་ཀྲེ་ཅང་ཞིང་ཆེན་དང་ཧྥུའུ་ཅན་ཞིང་ཆེན་དུ་རྟོག་ཞིབ་སྤེལ་རེས་ལ་བསྐྱོད་ནས། ཕུལ་བྱུང་དཔེ་བཟང་ལ་སློབ་སྦྱོང་དང་། མཐོང་རྒྱ་ཆེ་རུ་གཏོང་བ། ཐབས་ལམ་ཡངས་སུ་གཏོང་བ་བཅས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རྟོག་ཞིབ་སྤེལ་རེས་བྱེད་སྒོ་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱིས་སྣེ་ཁྲིད་དེ་སྒྲིག་འཛུགས་བྱས་པ་དང་། རང་ལྗོངས་ཀྱི་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་80ལྷག་ཙམ་ཞུགས་ཡོད་པ་ལས། མང་ཆེ་བ་ནི་རང་ལྗོངས་ཀྱི་མཐའ་མཚམས་རྫོང་དང་མི་རིགས་ཤང་ནས་རེད། ལྟ་སྐོར་ཚོགས་པའི་ཁོངས་མི་དང་བཅས་པས་མི་རིགས་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་ཕྲག་ཏུ་ཁུར་ནས་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་ཉམས་མྱོང་དང་བྱེད་སྟངས་སློབ་སྦྱོང་བྱེད་པར་བསྐྱོད་དེ་དར་རྒྱས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་རྣམ་པ་བཟང་པོར་མྱོང་རོལ་བྱས་པ་རེད།

    “སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་སྤེལ་བའི་ཉམས་མྱོང་དང་བྱེད་ཐབས་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས། ང་ཚོ་རང་ཉིད་ཀྱི་མི་རིགས་ལས་དོན་སྤེལ་བའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་བཏང་སྟེ་གྲོང་གསེབ་དར་རྒྱས་གཏོང་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་རམ་འདེགས་ཐུབ་པའི་རེ་བ་ཡོད”ཅེས་ལྟ་སྐོར་ཚོགས་པའི་ཁོངས་མི་མཚོ་སྣ་གྲོང་ཁྱེར་སྐྱིད་པ་མོན་པ་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བསོད་ནམས་བདེ་སྐྱིད་ཀྱིས་འདི་ལྟར་བཤད།

    ཧང་ཀྲོའུ་གྲོང་ཁྱེར་ཤིས་ཧུའུ་མཚོ་ཁུལ་གྱི་ཀྲོན་ཐང་སེ་འབྲུའི་ཁྱིམ་གཞིས་སུ་ལྟ་སྐོར་ཚོགས་པ་དང་བཅས་པས་དྲིལ་བསྒྲགས་འགྲེམས་སྟོན་དང་། ཁྱད་ལྡན་བྱེད་སྒོའི་པར་རིས། མི་རིགས་ཀྱི་རྒྱན་གོས། ཇའི་རིག་གནས་ཀྱི་དཔེ་མཛོད་ཁང་སོགས་ལ་ལྟ་སྐོར་བྱས་པ་མ་ཟད། ཇ་གདབ་ཡུལ་དུ་བསྐྱོད་ནས་ཇ་ལོ་འཐུ་བའི་སྤྲོ་སྣང་ཉམས་ལེན་བྱས་པ་རེད།

    ཀྲོན་ཐང་སེ་འབྲུའི་ཁྱིམ་གཞིས་ནི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པ་དང་ཀྲེ་ཅང་ཞིང་ཆེན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་ཞིབ་འཇུག་རྟེན་གཞི་ཁག་དང་པོའི་ངོས་ནས། ཏང་གི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་དང་། མི་རིགས་ཀྱི་ཁྱད་ཆོས་མངོན་པ། ཀྲུང་ཧྭ་རིག་གནས་དར་སྤེལ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདུན་པ་མཚོན་པ་བཅས་བྱས་པས། དེ་ནི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་སྣ་མང་ཅན་གྱི་ཞབས་ཞུའི་ལས་སྟེགས་ཤིག་རེད། ད་ཐེངས་ཀྱི་རྟོག་ཞིབ་དང་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་ཆེན་པོ་བྱས་ནས་བློ་རྩེ་གཅིག་སྒྲིམ་གྱིས་ལྟ་ཞིབ་དང་། བློ་གཅིག་སེམས་གཅིག་གིས་ཉམས་ལེན། བསམ་གཞིག་ཞིབ་ཚགས་བཅས་བྱས་ཏེ་བྱུང་བའི་ཉམས་མྱོང་བཟང་པོ་དང་ཤེས་པའི་བྱེད་སྟངས་ཡག་པོ་ཕ་ཡུལ་དུ་ཁྱབ་གདལ་གཏོང་ཐུབ་པ་དང་ལས་དོན་དངོས་ལ་སྤྱོད་ཐུབ་པ་བྱེད་ཀྱི་ཡིན་ཞེས་ཚང་མས་གཅིག་རྗེས་གཉིས་མཐུད་ངང་བཤད།

    ཅཱ་ཤིང་གྲོང་ཁྱེར་ནན་ཧུའུ་གསར་བརྗེའི་དྲན་གསོ་ཁང་དུ་ཚང་མས་ཀྲུང་གོ་གུང་ཁྲན་ཏང་གིས་བརྒྱུད་མྱོང་བའི་ལོ་རྒྱུས་ལམ་བུ་རླབས་ཆེན་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་ཤེས་རྟོགས་དང་ཉམས་ལེན་བྱས་པ་རེད། ཏང་གི་ཐོག་མའི་བསམ་འདུན་བསྐྱར་དྲན་དང་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་པས་ཚང་མའི་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད། “དེ་རིང་ང་ཚོ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་སར་ཡོང་ནས་ཏང་གི་ལོ་རྒྱུས་ལ་བསྐྱར་དྲན་བྱེད་སྐབས་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་། ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ལ་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་གྱི་གཟི་བརྗིད་མཚན་སྙན་ཐོབ་མོད། དེ་ལ་བློ་ཡིད་ཚིམ་ནས་བསྡད་ན་ག་ལ་འགྲིག ངས་ད་རེས་ཀྱི་སློབ་སྦྱོང་གི་གོ་སྐབས་ལ་དམ་འཛིན་ཡག་པོ་བྱས་ཏེ་ཐབས་ཤེས་ཡག་པོ་སྦྱངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་ཀྱི་ཡིན”ཞེས་ཉིང་ཁྲི་གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལན་ཅུན་ཝུའེ་ཡིས་བཤད།

    རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་འཛུགས་གཏོད་དྲིལ་བསྒྲགས་སློབ་གསོ་ཁྲུའི་ལས་དོན་པ་ཕུར་སྒྲོན་གྱིས། “ལྟ་སྐོར་དང་སློབ་སྦྱོང་བྱས་པ་བརྒྱུད། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ལ་ཐོབ་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་མྱོང་ཚོར་ཟབ་མོ་བྱུང་། དེས་ང་ཚོར་མི་རིགས་མཐུན་སྒྲིལ་གྱི་ལས་དོན་སྤེལ་བར་དཔྱད་གཞིར་གཟུང་ཆོག་པའི་ཉམས་མྱོང་མཁོ་འདོན་བྱས་ཡོད། གོམ་སྟབས་རྗེས་མར་ང་ཚོས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པའི་ལས་དོན་ལ་ཐབས་ཇུས་བཟང་པོ་དང་བྱ་ཐབས་ཏན་ཏིག་བཏོན་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

    ཀུ་ཐེན་གྲོས་ཚོགས་ཀྱི་གནས་རྙིང་དང་། ཀྲེང་ཁྲེང་ཀུང་གི་དྲན་གསོ་ཁང་། ཁྲེན་ཅ་ཀེང་གི་བཞུགས་གནས་རྙིང་པ་སོགས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་རིང་། ཚང་མས་ས་ཆ་ཞིག་ཏུ་སླེབས་རིམ་བཞིན་འགྲེལ་བཤད་ནན་ཏན་ཉན་པ་དང་ལྟ་སྐོར་ཞིབ་ཕྲ་བྱས་ཏེ། དེ་ལས་བསམ་བློའི་འཚོ་བཅུད་ལེན་པ་དང་རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་བར་བྱེད་ཀྱི་ཡོད། “སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་པ་ལས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཟབ་ཤོས་ཐེབས་བྱུང་ལ། འཕེལ་རྒྱས་དང་འབྱོར་ཕྱུག་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་ཏན་ཏིག་ཚོར་བྱུང་། ངེས་པར་དུ་ད་ཆའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་ཡག་པོ་བྱས་ནས་ལས་ཀ་ཧུར་ཐག་བྱེད་ཀྱི་ཡིན”ཞེས་མངའ་རིས་ས་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱི་ལས་བྱེད་པ་བསོད་ནམས་ཕུན་ཚོགས་ཀྱིས་བཤད།

    རྟོག་ཞིབ་སྤེལ་རེས་ཀྱི་ཕྱོགས་སྡོམ་ཚོགས་འདུར་ཚང་མས་ཕྱོགས་མི་འདྲ་བ་ནས་ད་ཐེངས་ཀྱི་ལྟ་སྐོར་དང་སློབ་སྦྱོང་གི་མྱོང་ཚོར་ལྷུག་པོར་གླེང་པ་རེད། རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཏུང་མའེ་ཡིས། ད་ཐེངས་ཀྱི་མཐོང་ཐོས་དག་ཉེ་འགྲམ་གྱི་མི་རྣམས་ལ་སྒྲོག་འགྲེལ་བྱས་ཏེ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་མཁན་ཞིག་བྱེད་པ་དང་། སྦྱངས་པའི་ཤེས་བྱ་དག་ལས་ཀར་སྤྱད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ལག་ལེན་པ་ཞིག་བྱས་ནས། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་དོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་སྐུལ་འདེད་དེ་བས་ལེགས་པ་གཏོང་དགོས་ཞེས་ཚང་མར་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།