ལོ་སྟོད་དུ་བོད་ཀྱི་ཡུལ་སྐོར་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་བཀྲག་མདངས་འཚེར་ས་མང་བ།
ཡུལ་སྐོར་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་260.39བྱུང་བ།
ཟླ་དྲུག་པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2424.11ལ་སྣེ་ལེན་ཞུས་པ་2022ལོ་དང་2019ལོ་གཉིས་དང་བསྡུར་ན་སོ་སོར་41.15%དང་80.77%འཕར་བ་དང་། ཡུལ་སྐོར་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་260.39བྱུང་བ་2022ལོ་དང་2019ལོ་གཉིས་དང་བསྡུར་ན་སོ་སོར་47.51%དང་74.33%འཕར་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་བརྒྱད་པའི་མཛུབ་ཁྲིད་ནུས་ལྡན་འོག བྱ་ཐབས་སྣ་ཚོགས་སྤྱད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཏན་ཏིག་སྤེལ་ཞིང་། རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་དག་ཐེར་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་མཐའ་འཁྱོངས་བཏང་སྟེ།བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་དང་གཏིང་ཟབ་སྤེལ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།
དེ་དང་ཆབས་ཅིག་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་གཏན་འཁེལ་ཁ་གསལ་བྱས་པའི“ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་དང་སྤུས་ཀ་དག་ཏུ་གཏོང་བའི”བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་བོད་ཀྱི་བྲོ་བ་ཞེས་པའི་ཞིམ་ཟས་ཁྲོམ་གཞུང་ལ་བརྟེན་ནས་བོད་ཀྱི་ཞིམ་ཟས་འགྲན་བསྡུར་ཆེན་པོའི་གྲ་སྒྲིག་ཡག་པོ་བྱས་ཡོད། མ་དངུལ་དང་ཐོན་ཁུངས་གཅིག་སྡུད་ཀྱིས་ཡུལ་སྐོར་མཛེས་ལྗོངས་ཁུལ་རྩེར་སོན་གཙོ་གནད་གཏོད་པ་དང་G219དང་G349ལམ་རྒྱུད་ཀྱི་ཐོན་རྫས་རྩེར་སོན་གཏོད་པར་སྐུལ་འདེད་ཧུར་ཐག་བཏང་ཞིང་། ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་གཙོ་གནད་རྣམ་གྲངས་15ལས་10ལས་འགོ་ཚུགས་པ་དང་རྣམ་གྲངས་1ལེགས་གྲུབ་བྱུང་ཡོད། ཟླ་དང་པོ་ནས་བདུན་པའི་བར་མ་དངུལ་སྒོར་ཁྲི་8271བཏང་ཡོད། ཚོང་དོན་དང་། རིག་གནས། ལུས་རྩལ་སོགས་སྡེ་ཚན་དང་མཉམ་འབྲེལ་བྱས་ནས་མཚན་མོའི་རིག་གནས་དང་། མཚན་མོའི་ལུས་རྩལ། མཚན་མོའི་འགྲིམ་འགྲུལ། མཚན་མོའི་ཚོང་ལས་བཅས་གཅིག་སྡུད་བཏོད་ཡོད།
གཞན་ཡང《2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་མཛོད》བཙུགས་པ་དང་། དེ་དང་འབྲེལ་བ་ཡོད་པའི་རྣམ་གྲངས་83ཟིན་པ། མ་དངུལ་གྱི་དགོས་མཁོ་སྒོར་དུང་ཕྱུར་127.1ཟིན་པ། ཚོང་འགུགས་མ་འདྲེན་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས་ཡོད། “གང་ཞིག་མཁོ་ན་དེ་འདྲེན་དགོས་པ་དང་གང་ཞིག་ཉམས་ན་དེ་གསབ་དགོས་པའི”བླང་བྱ་མཐའ་འཁྱོངས་བྱས་ཤིང་། ཡུལ་སྐོར་རྣམ་གྲངས་ཀྱི་ཚོང་འགུགས་མ་འདྲེན་ལ་ཤུགས་སྣོན་བརྒྱབ་སྟེ། ཧུར་བརྩོན་ཆེན་པོས་སྤྱི་ཚོགས་ཀྱི་མ་དངུལ་འགུགས་ཐབས་བྱས་ནས་གཙོ་གནད་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ལ་ཞུགས་ཐབས་བྱས་ཡོད། 2023ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཡུལ་སྐོར་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་19ལ་མིང་རྟགས་བཀོད་པ་དང་སྔོན་དཔག་བྱས་ན་མ་དངུལ་གྲངས་འབོར་སྒོར་དུང་ཕྱུར་58.35ཟིན་གྱི་ཡོད། རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁོངས་གཏོགས་ཁུལ་ནང་གི་དངུལ་ཁང་གི་དངུལ་རྩའི་སྒྲིག་གཞིས་རིམ་རྩིས་བྱས་ན། རིག་གནས་ཡུལ་སྐོར་ཁེ་ལས་ལ་དངུལ་བུན་སྒོར་དུང་ཕྱུར་16.82བཏང་བ་དང་། 《2023ལོའི་ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལུས་རྩལ་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་གྱི་གཙོ་གནད་རྣམ་གྲངས》ཀྱི་དྲིལ་བསྒྲགས་ལག་དེབ་བཀྲམ་པ་རེད།
ལོ་སྟོད་དུ་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་དྲིལ་བསྒྲགས་དང་བྲིན་ཚོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཞིང་། “5·19ཀྲུང་གོའི་ཡུལ་སྐོར་ཉིན་མོ·བོད་ལྗོངས་ཡན་ལག་ཚོགས་རའི་བྱེད་སྒོ”སྤེལ་བ་དང་G219ཡུལ་སྐོར་ཐོན་རྫས་དང་དེ་བཞིན་ལམ་ཐིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་སོགས་བརྒྱུད་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་ཆེ་རུ་བཏང་ཡོད། ཟླ་དང་པོ་ནས་དྲུག་པའི་བར་ཀྲུང་གོའི་བོད་ལྗོངས་ཀྱི་ཡུལ་སྐོར་གཞུང་ཕྱོགས་འཁྱུག་དབྱིངས་ཀྱིས་བརྙན་ཐུང་281ཡོངས་བསྒྲགས་བྱས་པ་དང་ལྟ་ཚད་མི་ཐེངས་ཁྲི་4107.13ཟིན་ཡོད། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་གྱི་དབུ་རྩོམ་རྟགས་ཅན་གྱིས་ནང་དོན་མི་འདྲ་བ་774ཁྱབ་བསྒྲགས་བྱས་པ་དང་ལྟ་ཚད་ཁྲི་2000ལྷག་ཙམ་ཟིན་ཡོད། “དྲ་གཉིས་སྐད་འཕྲིན་གཉིས་སྣེ་གཅིག”གིས་རྩོམ་ཡིག་དང་ཆ་འཕྲིན་6677ཡོངས་བསྒྲགས་བྱས་པ་དང་། ཁྱོན་ལྟ་ཚད་མི་ཐེངས་ཁྲི་2377.2ཟིན་པ། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་APPབརྒྱུད་ལྟ་ཚད་མི་ཐེངས་ཁྲི་167.2ཟིན་ཡོད། དེ་དང་ཆབས་ཅིག་ཁྲོམ་རའི་སྒྲིག་ལམ་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་ནས་G318ཡུལ་སྐོར་ལམ་ཆེན་རྩེར་སོན་དང་། G219ལམ་རྒྱུད་བགྲོད་ལམ་ཆེན་པོ། G349ཡུལ་སྐོར་ལམ་ཐིག་རྩེར་སོན་སོགས་སྤུས་རྟགས་རྒྱུན་ཆད་མེད་པར་བཏོད་ཡོད།