ཕྱི་འབྲེལ་པུའི་མགྲིན་ཚབ་པས།
ཀྲུང་རིའི་ཞི་བའི་མཛའ་གྲོགས་ཆིངས་ཡིག་བཞག་ནས་ལོ་45འཁོར་བའི་སྐོར་ལ་གསར་འགོད་པའི་དྲི་བར་ལན་བརྒྱབ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་རིའི་ཞི་བའི་མཛའ་གྲོགས་ཆིངས་ཡིག་བཞག་ནས་ལོ་45འཁོར་བའི་སྐོར་ལ་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད།
གསར་འགོད་པས། དེ་རིང་ནི་ཀྲུང་རིའི་ཞི་བའི་མཛའ་གྲོགས་ཆིངས་ཡིག་བཞག་ནས་ལོ་45འཁོར་བའི་དྲན་གསོའི་ཉིན་མོ་རེད། ཀྲུང་གོ་ཕྱོགས་ཀྱིས་ཆིངས་ཡིག་འཇོག་པའི་དོན་སྙིང་དང་ལོ་བཅུ་གྲངས་ནང་གི་ཀྲུང་རིའི་འབྲེལ་བར་གདེང་འཇོག་ཇི་ལྟར་བྱེད་ཀྱི་ཡོད་དམ། ཀྲུང་རིའི་འབྲེལ་བའི་སླད་ཕྱིན་གྱི་འཕེལ་རྒྱས་ཐད་རེ་སྒུག་གང་ཞིག་བྱེད་དམ་ཞེས་དྲིས་པ་རེད།
མགྲིན་ཚབ་པས། ལོ་45ཡི་གོང་ཀྲུང་རི་རྒྱལ་ཁབ་གཉིས་པོས་ཞི་བའི་མཛའ་གྲོགས་ཆིངས་ཡིག་བཞག་པས། བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ཀྲུང་རི་རྒྱལ་ཁབ་གཉིས་པོས་ཞི་བདེ་དང་། མཛའ་གྲོགས། མཉམ་ལས་བཅས་མཐའ་འཁྱོངས་བྱས་ཏེ། ཕྱོགས་གཉིས་པོའི་འགྲོ་འོང་དུས་ནམ་ཡང་གནས་པའི་རྩ་དོན་དང་ཁ་ཕྱོགས་མཐའ་འཁྱོངས་བྱས་ཡོད། ལོ་45ཡི་རིང་ཀྲུང་རིའི་འབྲེལ་བར་འཕེལ་རྒྱས་མྱུར་པོ་བྱུང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་མ་ཟད། ས་ཁུལ་དང་འཛམ་གླིང་གི་དར་རྒྱས་བརྟན་ལྷིང་ལའང་སྐུལ་མ་ཐེབས་ཡོད་ཅེས་བརྗོད་པ་རེད།
“མིག་སྔར་ཀྲུང་རིའི་འབྲེལ་བ་འཕེལ་རྒྱས་ལེགས་སུ་གཏོང་བའི་འགག་རྩའི་དུས་སུ་གནས་ཡོད”མགྲིན་ཚབ་པས། རི་པིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཆིངས་ཡིག་བཞག་ནས་ལོ་45འཁོར་བར་དྲན་གསོ་ཞུ་བ་གོ་སྐབས་སུ་བྱས་ནས། ཆིངས་ཡིག་གི་ནང་དོན་བསྐྱར་དྲན་བྱེད་པ་དང་ཆིངས་ཡིག་གི་ཐུན་མོང་ངོས་འཛིན་བརྟན་སྲུང་བྱས་ཏེ། ཆབ་སྲིད་ཀྱི་རྨང་གཞི་སྲུང་བ་དང་། མཉམ་ལས་གཉིས་ཁེར་ཤུགས་སྣོན་རྒྱག་པ། འགོག་རྐྱེན་མེད་པ་བཟོ་བ་བཅས་བྱས་ནས། དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་ཀྲུང་རིའི་འབྲེལ་བ་གཏོད་རྒྱུར་ཧུར་ཐག་གཞོལ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།