ཞབས་ཞུའི་ཁོར་ཡུག་ལེགས་སུ་བཏང་། འགྲོ་ལུགས་གཉེར་བར་སྟབས་བདེ་བྱུང་།
ཟི་ལིང་དུ་བཅར་འདྲི་བྱེད་སྐབས་གསར་འགོད་པར་ཤེས་རྟོགས་བྱུང་བར། ས་གནས་དེས“དོན་དག་གཅིག་སྒྲུབ་ཐེངས་གཅིག་ལ་གྲུབ་པའི”སྒྱུར་བཅོས་ཁྱབ་གདལ་བཏང་བ་དང་། སྒྲུབ་རོགས་ཚབ་སྒྲུབ་དང་ལས་དུས་རིང་དུ་གཏོང་བ་སོགས་དམངས་ཕན་བྱ་ཐབས་ལག་ལེན་བསྟར་བ། སྲིད་དོན་ཞབས་ཞུ་སྟབས་བདེ་རུ་གཏོང་བའི་ལས་དོན་ལ་དམ་འཛིན་ནན་པོ་བཅས་བྱས་པ་དང་དུས་མཚུངས། དྲ་ཐོག་ནས་དཔྱད་མོལ་དང་དྲ་ཕྱི་ནས་སྐོར་ཞིབ་བྱས་ཏེ་ལྟ་སྐུལ་གྱི་མཉམ་ཤུགས་ཤིག་ཆགས་པ་དང་སྤྱོད་གཙང་གཞུང་དྲང་གི་ཞབས་ཞུའི་ཁོར་ཡུག་ཅིག་བཏོད་ནས་འགྲོ་ལུགས་གཉེར་མཁན་མང་ཚོགས་ལ་སྟབས་བདེ་བསྐྲུན་ཡོད།
ལས་རིམ་ཁུ་བསྡུས་ནས་མང་ཚོགས་ཀྱི་ཁུར་པོ་ཡང་དུ་བཏང་བ།
འདི་ལོའི་ཟླ་4པར། ཟི་ལིང་གི་གྲོང་མི་ཨ་ཅག་ཁྲེང་གཏན་འཇགས་རྒྱུ་ནོར་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་སྐབས། དོན་དག་གྲུབ་རྒྱུ་ཕར་བཞག ད་དུང་ཕར་རྒྱུག་ཚུར་རྒྱུག་མང་པོ་བྱེད་དགོས་བྱུང་ཡོད། “སྔོན་ལ་ཐོ་འགོད་སྐར་ཁུང་དུ་སོང་ནས་དཔྱད་གཞི་ཞིབ་བཤེར་བྱེད་དགོས་པ་དང་། དེ་ནས་ཁྲལ་དོན་སྐར་ཁུང་དུ་བསྐྱོད་ནས་དཔྱ་ཁྲལ་ཞིབ་དཔྱད་དང་། ཁྲལ་སྐྱེལ་བ། སྤ་སེ་ལེན་པ་བཅས་བྱས་རྗེས། སླར་སྒྲུབ་གཉེར་སྐར་ཁུང་དུ་ཡོང་ནས་ལག་ཁྱེར་ལེན་དགོས། སྐར་ཁུང་ཚང་མར་བང་རིང་པོ་འདུག་པས་སྔ་དྲོ་གཅིག་ལ་དོན་དག་གྲུབ་ཐབས་བྲལ་བ་མ་ཟད། ད་དུང‘ཕར་རྒྱུག་ཚུར་རྒྱུག’མང་པོ་བྱེད་དགོས་འདུག”ཅེས་ཨ་ཅག་ཁྲེང་གིས་དབུགས་རིང་ཞིག་བཏང་ནས་བཤད།
གོང་གི་གནད་དོན་དེ་ཤེས་རྗེས། ཁྲལ་དོན་དང་གཏན་འཇགས་རྒྱུ་ནོར་ཐོ་འགོད་སོགས་སྡེ་ཚན་གྱིས་མཉམ་ཞུགས་ཚོགས་འདུ་ཐེངས་མང་འཚོགས་ནས་ཐག་གཅོད་བྱ་ཐབས་གྲོས་བསྡུར་བྱས་ཡོད། “འགག་རྩ་ནི་ལས་རིམ་ཁུ་བསྡུས་སུ་གཏོང་བར་ཐུག་ཡོད” ཟི་ལིང་གྲོང་ཁྱེར་གཏན་འཇགས་རྒྱུ་ནོར་ཐོ་འགོད་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་ཅན་ཆང་གིས“ཉོ་ཚོང་ཞིབ་བསྡུར་དང་། ཁྲལ་བསྡུ་ཞིབ་བཤེར། ཐོ་འགོད་ལག་ཁྱེར་ལེན་ས་སོགས་སྐར་ཁུང་གི་འགན་ནུས་མཉམ་འདྲེས་གཏིང་ཟབ་བྱས་ནས། གཅིག་གྱུར་གྱི་སྐར་ཁུང་ཞིག་བཙུགས་ཏེ‘ཐེངས་གཅིག་ལ་བདག་སྤྲོད་དང་ཐེངས་གཅིག་ལ་སྒྲུབ་ཐུབ་པ’བྱེད་དགོས་པའི”གྲོས་འགོ་བཏོན་པ་རེད།
སྒུག་ཡུན་ཐུང་དུ་ཇི་ལྟར་གཏོང་དགོས་སམ། “ཁྲལ་དོན་སྡེ་ཚན་གྱིས་དྲ་ཐོག་ནས་ཁྲལ་རིན་འཇལ་བའི་ཞབས་ཞུ་ཤར་གཏོང་བྱས་ཡོད། མང་ཚོགས་ཁྱིམ་དུ་འཕྲིན་ཐུང་བསྒུགས་ནས་བསྡད་ན་འགྲིག འཕྲིན་ཐུང་འབྱོར་རྗེས་དྲ་ཐོག་ནས་དུས་ཐོག་ཏུ་ཁྲལ་རིན་འཇལ་ན་གཏན་འཇགས་རྒྱུ་ནོར་གྱི་བདག་དབང་ལག་ཁྱེར་ཁྱིམ་དུ་བསྐུར་གྱི་ཡོད་པས། དོན་ཐག་འཕྲལ་མར་སྒྲུབ་ཐུབ་པ”དངོས་འབྲེལ་བྱུང་ཡོད་ཅེས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཟི་ལིང་གྲོང་ཁྱེར་ཁྲལ་དོན་ཅུས་ཁྲལ་དོན་ཡན་ལག་ཅུས་གཉིས་པའི་ཅུས་ཀྲང་ཧོའུ་ཞའོ་ཡུན་གྱིས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྟངས་གསར་པ་ཁྱབ་གདལ་བཏང་ཚུན། རིམ་རྩིས་བྱས་ན་ཟི་ལིང་གིས་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་སྒོ་2842གཉེར་བ་དང་སྒྲུབ་གཉེར་གྱི་ཆ་སྙོམས་དུས་ཡུན་དེ་སྔའི་སྐར་མ་70ནས་ད་ལྟའི་སྐར་མ་20བར་ཐུང་དུ་བཏང་ཡོད། མིག་སྔར། ཟི་ལིང་དུ“དོན་དག་གཅིག་སྒྲུབ་ཐེངས་གཅིག་ལ་གྲུབ་པའི”ལས་སྒོ་21ཤར་གཏོང་བྱས་པས། འགྲོ་ལུགས་གཉེར་མཁན་མང་ཚོགས་ལ་སྔར་བས་སྟབས་བདེ་བྱུང་བ་མ་ཟད་ལས་ཕྱོད་ཀྱང་ཆེ་རུ་སོང་ཡོད།
ཕྱོགས་གང་ས་ཅི་ཐད་ནས་མང་ཚོགས་ལ་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུས་པ།
ཉིན་དགུང་དུ་ཟི་ལིང་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་འགྲོ་ལུགས་གཉེར་བར་ཡོང་མཁན་སྔར་བཞིན་མང་པོ་ཡོད། མཚོ་སྔོན་ཀྲུང་ཞང་སྨན་རྫས་ཁང་ཆེན་པོ་ཚད་ཡོད་ཀུང་སིའི་སྒྲུབ་གཉེར་བ་ཧན་ལ་ཟི་ལིང་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་ཞབས་ཞུ་ཅུས་སྨན་རྫས་འཕྲོད་བསྟེན་ཁོའོ་ཡི་སྐར་ཁུང་ནས་སྨན་བཅོས་ཡོ་བྱད་གཉེར་སྐྱོང་ཆོག་འཐུས་ཀྱི་ཐོ་འགོད་དཔང་ཡིག་ལམ་སེང་རག་ཡོད། “ཉིན་དགུང་གི་དུས་ཚོད་ལའང་འགྲོ་ལུགས་གཉེར་གྱི་འདུག་པས་ད་ཆ་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ཁོ་མོས་བཤད།
ཟི་ལིང་དུ“ཉིན་དགུང་ངལ་གསོ་མི་རྒྱག་པ་དང་གཟའ་སྤེན་པར་ཆུ་ཚོད་9པ་ནས་12བར་ལས་ཀ་བྱེད་པའི”ལས་ཀའི་རྣམ་པ་ཁྱབ་གདལ་ཤུགས་ཆེན་བཏང་བ་ལས། “ལས་ཀ་ཚུགས་སྐབས་འགྲོ་ལུགས་གཉེར་ཁོམ་མེད་པ་དང་ལས་ཐག་བཅད་རྗེས་འགྲོ་ལུགས་གཉེར་ས་མེད་པའི”གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད། ལས་དུས་འཕར་མ་བྱས་པ་མ་ཟད། སྲིད་དོན་ཞབས་ཞུ་ལྟེ་གནས་སུ་སྐྱོད་སྐབས་མངོན་གསལ་དོད་ཤོས་ནི“ཕྱོགས་བསྡུས་སྒྲུབ་རོགས་ཚབ་གཉེར་ཁུལ”ཞེས་པའི་ཡི་གེ་ཆེན་པོ་དེ་རེད།
འདི་ལོའི་ཟླ་བརྒྱད་པར། གྲོང་མི་ཀྲང་ཁྲེང་ཕུའུ་གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱེད་ཐེངས་དང་པོ་ཡིན་པ་དང་འགྲོ་ལུགས་གཉེར་བའི་བརྒྱུད་རིམ་ལ་ཆ་རྒྱུས་མེད་པས། སྒྲུབ་རོགས་ཚབ་གཉེར་ཞབས་ཞུ་སྐར་ཁུང་གི་ལས་དོན་པར་རོགས་པ་གནང་རོགས་ཞེས་རེ་འདུན་ཞུས་པ་རེད། “སྐར་ཁུང་དུ་ལས་གནས‘AB’ཞེས་ཁག་གཉིས་བཟོས་ཡོད་པས་ག་དུས་ཡིན་ཡང་ལས་གནས་ཐོག་མི་ཡོད་པའི་འགན་ལེན་བྱས་ཡོད” ལས་དོན་པ་ཧྭ་ཡོན་གྱིས་འཕྲལ་མར་བདག་སྤྲོད་བྱས་ནས་དེ་སྔ་ལས་ཀའི་ཉིན་གྲངས་3ནང་གཉེར་བའི་ལག་ཁྱེར་དེ་ད་ལྟ་ལས་ཀའི་ཉིན་གྲངས་1ནང་ཚར་ནས་ཀྲང་ཁྲེང་ཕུའུ་ལ་སྤྲད། “མང་ཚོགས་ཀྱིས་ང་ཚོར་རོགས་པ་བྱེད་རོགས་ཞེས་བཤད་པ་ནི་ང་ཚོར་ཡིད་ཆེས་བྱས་པ་ཞིག་ཡིན་པས་ཡིད་ཆེས་དེ་ཆུད་ཟོས་སུ་གཏོང་མི་རུང”ཞེས་ཧྭ་ཡོན་གྱིས་གསར་འགོད་པར་བཤད།
དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱས་ཏེ་ལྟ་སྐུལ་གྱི་མཉམ་ཤུགས་ཤིག་ཆགས་པར་བྱས་པ།
ཟི་ལིང་གི་སྲིད་དོན་ཞབས་ཞུའི་ལས་སྒྲུབ་སྐར་ཁུང་ཁག་གི་མདུན་དུ་རྩ་གཉིས་ཨང་རྟགས་མང་པོ་ཞིག་མངོན་གསལ་དོད་སར་སྦྱར་ཡོད་པས། ལག་ཐོགས་ཁ་པར་གྱིས་བཤེར་ན“ཟི་ལིང་གི་དཔྱད་མོལ”ཞེས་པ་མིག་ལམ་དུ་འཆར་གྱི་ཡོད།
ཉེ་བའི་ལོ་ཤས་རིང་། ཟི་ལིང་གིས་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་སྤེལ་བར་མུ་མཐུད་སྐུལ་འདེད་བཏང་སྟེ། སྤྱོད་ཚུལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་དྲ་ཐོག་གི“ཟི་ལིང་གི་དཔྱད་མོལ”མ་ལག་བཙུགས་ཡོད། “མ་ལག་དེའི་ནང་གྲོང་ཁྱེར་ཡོངས་ཀྱི་ཞིབ་མཆན་དབང་ཆ་དང་ཁྲིམས་འཛིན་དབང་ཆ་ལྡན་པའི་སྐར་ཁུང་ཚན་པ་དང་གཞི་རིམ་ས་ཚིགས་3000ལྷག་ཙམ་བཅུག་པ་དང་། སྡེ་ཚན་དང་ཤང་དང་གྲོང་རྡལ་ཚང་མར་ཁྱབ་ཡོད”ཅེས་ཚོགས་ཆུང་གཞུང་དོན་ཁང་ཕྱོགས་བསྡུས་མཐུན་སྦྱོར་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཀའོ་ཀྲའོ་ཧྭས་ངོ་སྤྲོད་བྱས།
མ་ལག་གི་འཆར་ངོས་སུ“བློ་ཡིད་ཚིམ་པོ”དང“བློ་ཡིད་ཅུང་ཚིམ་པོ” “བློ་ཡིད་མ་ཚིམ་པ”བཅས་འདེམས་ཚན་གསུམ་མངོན་གསལ་དོད་པོ་ཡོད་པ་དང་གྲོང་མིས་ད་དུང་བསམ་འཆར་དང་གྲོས་འགོ་འདོན་ཆོག་གི་ཡོད། ‘བློ་ཡིད་མ་ཚིམ་པ’འདེམས་མཁན་མང་པོ་ཡོད་པ་དང་དག་ཐེར་ཡག་པོ་བྱུང་མེད་ཚེ་ལོ་འཁོར་གྱི‘ཞན་པོ་བཅུའི’ཚན་པར་འདེམས་ཀྱི་ཡོད་པ་མ་ཟད། ཚན་པའི་འགན་འཁུར་བ་ལེགས་སྒྲིག་བྱས་ཏེ་སྲིད་དོན་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་ཐབས་བྱེད་ཀྱི་ཡོད”ཅེས་ཀའོ་ཀྲའོ་ཧྭས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། རིམ་རྩིས་བྱས་ན་འདི་ལོའི་ལོ་སྟོད་དུ“ཟི་ལིང་གི་དཔྱད་མོལ”མ་ལག་ལ་མང་ཚོགས་མི་ཐེངས་ཁྲི་29.19ཡི་དཔྱད་མོལ་འབྱོར་བ་དང་བློ་ཡིད་ཚིམ་ཚད་99.97%ཟིན་ཡོད།
“སྤྱོད་ཚུལ་འཛུགས་སྐྱོང་ནི་རྨང་གཞིའི་རང་བཞིན་དང་ཡུན་རིང་རང་བཞིན་གྱི་ལས་དོན་ཞིག་ཡིན་པས། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་དང་། མང་ཚོགས་ཀྱི་ལྟ་སྐུལ་དང་སྐོར་གཟིགས་ལྟ་སྐུལ་ཟུང་འབྲེལ་དམ་ཟབ་བྱེད་པ། ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་བྱས་ཚེ། གཞི་ནས་ལྟ་སྐུལ་གྱི་མཉམ་ཤུགས་ཤིག་ཆགས་ཐུབ”ཅེས་སྐོར་ཞིབ་ཚོགས་ཆུང་བཞི་པའི་ཙུའུ་ཀྲང་མཱ་དབན་ཧྥུས་ངོ་སྤྲོད་བྱས་པ་དང་། འདི་ལོ་ཚུན་དུ་སྐོར་ཞིབ་ཚོགས་ཆུང་10ཡིས་ཁྱོན་གནད་དོན་287ཤེས་རྟོགས་བྱུང་བ་དང་། གནད་དོན་266དག་ཐེར་ཟིན་པ་དང་དག་ཐེར་བྱུང་ཚད་93%ཟིན་ཡོད།