དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་51.5ཟིན་པ།

    དུས་མཚུངས་ལས་6.4%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-13

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་51.5ཟིན་པ་དེ་དུས་མཚུངས་ལས་6.4%འཕར་ནས་དུས་ཚིགས་དང་པོ་དང་བསྡུར་ན་འཕར་ཚད་ཆག་པ་ནས་འཕར་བའི་བར་མངོན་འགྱུར་བྱུང་ཡོད་པ་རེད།

    རྨོ་ཞིང་ལ་དམ་འཛིན་བྱས་ཤིང་། 《དུས་གཏན་གཞི་རྩའི་ས་ཞིང་ཚང་མ་རིམ་བཞིན་ཚད་གཞི་མཐོ་བའི་ས་ཞིང་དུ་བསྐྲུན་རྒྱུའི་ཇུས་གཞི་བཟོ་བའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་2022ལོར་ཚད་གཞི་མཐོ་བའི་ས་ཞིང་རྣམ་གྲངས་འཛུགས་སྐྲུན་ལས་འགན་མུའུ་ཁྲི་75དོན་འཁྱོལ་བྱས་པར་ནོར་སྲིད་ཀྱིས་ཐད་ཀར་མ་དངུལ་སྒོར་དུང་ཕྱུར་19.09བཏང་བ་དང་ལས་གྲྭའི་འཕེལ་རིམ་92.42%ཟིན་པ་དང་། 2023ལོར་གསར་དུ་འཕར་བའི་འཛུགས་སྐྲུན་ལས་འགན་མུའུ་ཁྲི་21དང་སྒྱུར་བཀོད་རིམ་སྤོར་ལས་འགན་མུའུ་ཁྲི་39ཟིན་ནས་མ་དངུལ་སྒོར་དུང་ཕྱུར་12.43དོན་འཁྱོལ་བྱས་པ་དང་ལས་འགོ་ཚུགས་ཚད་76.19%ཟིན་པ། ས་རྒྱུའི་ཡོངས་བཤེར་ཐེངས་གསུམ་པའི་ལས་དོན་ལ་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ་ཚོད་ལྟའི་གྲུབ་འབྲས་ལ་རྒྱལ་ཁབ་རིམ་པའི་ཞིབ་བཤེར་རྩིས་ལེན་གྱི་ཚད་ལོན་ཡོད།《2023ལོའི་ས་རྒྱུའི་ཡོངས་བཤེར་ཐེངས་གསུམ་པའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། རང་སྐྱོང་ལྗོངས་ས་རྒྱུའི་ཡོངས་བཤེར་འགོ་ཁྲིད་ཚོགས་ཆུང་གིས་ལྗོངས་ཡོངས་ཀྱི་ས་རྒྱུའི་ཡོངས་བཤེར་ཐེངས་གསུམ་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་ནས། བརྟག་དཔྱད་བྱ་ཡུལ་826གི་བརྟག་དཔྱད་དཔེ་ལེན་ལས་དོན་ལེགས་སྒྲུབ་བྱས་པ་དང་ད་ལྟའི་དུས་མཚམས་སུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ས་རྒོད་བསྐྱར་སྦོལ་དང་བསྐྱར་འདེབས་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་ནས་ལྗོངས་ཡོངས་སུ་ས་རྒོད་མུའུ་28490.54གྲལ་བཤེར་ཐུབ་པ་དང་མིག་སྔར་མུའུ་21034.8བསྐྱར་སྦོལ་བྱས་ཡོད་པ་རེད།

    ས་བོན་ལ་དམ་འཛིན་བྱས་ཤིང་། 《ས་བོན་ལས་རིགས་དར་རྒྱས་བྱ་སྤྱོད་ཀྱི་རྨང་གཞིའི་རིགས་ཀྱི་ཆ་འཕྲིན་གལ་ཆེན་ལེགས་སྒྲིག་དང་ཁྱབ་གདལ་ལག་བསྟར་གཏོང་རྒྱུའི་འབྲེལ་ཡོད་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་བརྡ་ཐོ》བཀྲམ་སྟེ་2023ལོར་གཅིག་སྡུད་ཀྱིས་ཅུང་ཁ་གསལ་ལ་འཐུས་སྒོ་ཚང་བའི་དེང་རབས་ཀྱི་ས་བོན་ལས་རིགས་འཕེལ་རྒྱས་ཀྱི་རྨང་གཞིའི་བརྒྱུད་རིམ་དང་འཐུས་སྒོ་ཚང་བའི་ལྟེ་བའི་རྣམ་པ་ཞིག་ཆགས་པར་བྱས་ཏེ། མུའུ་ཁྲི་15ཡི་ནས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་དང་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་འབྲི་གཡག་དང་བོད་ལུག་རྒྱུད་བཟང་གསོ་ཚགས་ར་བ་6འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། 2023ལོར་ནས་ཀྱི་སོན་བཟང་ཁེབས་ཚད་93%ཡན་དང་རྒྱུད་བཟང་ཕྱུགས་རིགས་ཁེབས་ཚད་46%ཡན་ཟིན་པ་བྱ་རྒྱུ་རེད།

    སྒྲིག་ཆས་ལ་དམ་འཛིན་བྱས་ཤིང་། དཔྱིད་རྨོད་དཔྱིད་འདེབས་རིང་ལྗོངས་ཡོངས་ཀྱི་འབྲུ་རིགས་སྐྱེ་དངོས་གཙོ་བོའི(ནས)ཞིང་འཕྲུལ་ཅན་གྱི་རྨོ་ཁྱོན་མུའུ་ཁྲི་158.3ཟིན་པ་དང་ཞིང་འཕྲུལ་ཅན་གྱི་འདེབས་ཁྱོན་མུའུ་ཁྲི་136.4ཟིན་ཡོད། ཞིང་འཕྲུལ་ཉོ་སྒྲུབ་དང་བཀོལ་སྤྱོད་ཀྱི་ཁ་གསབ་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་རིམ་རྩིས་བྱས་ན་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཞིང་འཕྲུལ་ཉོ་སྒྲུབ་དང་བཀོལ་སྤྱོད་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་14500གཤམ་སྤྲོད་བྱས་ཡོད། ཟླ་7པའི་ཟླ་མཇུག་བར་ཁ་གསབ་མ་དངུལ་སྒོར་ཁྲི་5748.5སྤྱད་པ་དང་འཕྲུལ་ཆས(ཆ་ཚང)14831ཁ་གསབ་བྱས་པར་དུད་ཚང་10885ལ་ཕན་པ་ཐོབ་ཡོད། “ས་མཐོའི་ལོ་ཏོག་གི་བརྒྱུད་རིམ་ཧྲིལ་པོའི་ཞིང་འཕྲུལ་ཅན་གྱི་ཚན་ཞིབ་རྟེན་གཞིའི”རྣམ་གྲངས་བཙུགས་ནས་ལག་བསྟར་བྱས་པར་མ་དངུལ་སྒོར་ཁྲི་2413དོན་འཁྱོལ་བྱས་ཡོད་པ་རེད།

    བཤས་གཏོང་བར་དམ་འཛིན་བྱས་ཤིང་། 2023ལོའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་34.2སྔ་སྣུར་དུ་གཤམ་སྤྲོད་བྱས་པ་དང《〈བོད་རང་སྐྱོང་ལྗོངས་ཀྱི་རེས་སྐོར་གསུམ་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱི་ལག་བསྟར་ཇུས་གཞི(2021ལོ་ནས་2025ལོ་བར)〉ལེགས་སྒྲིག་གི་འབྲེལ་ཡོད་སྲིད་ཇུས་དང་ཚད་གཞིའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ཕྱུགས་བཀག་ཁ་གསབ་དང་རྩྭ་ཐང་དོ་སྙོམས་ཀྱི་བྱ་དགའ་དང་མཐོ་བཀག་དམའ་སྲུང་གི་ཚད་གཞི་ལེགས་སྒྲིག་དང་། 《〈བོད་རང་སྐྱོང་ལྗོངས་ཀྱི་ཕྱུགས་རིགས་འཚོ་བའི་ཁ་གསབ་མ་དངུལ་སྤྲོད་པའི་ལག་བསྟར་ཇུས་གཞི〉ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་དང་ཚད་གཞིའི་སྐོར་གྱི་བརྡ་ཐོ》བཀྲམ་པ། 2023ལོའི་ལོ་སྟོད་དུ་ཕྱུགས་རིགས་དང་བྱ་རིགས་བཤས་བཏང་བའི་མགོ་གྲངས་ཁྲི་114ཟིན་པ་དེ་དུས་མཚུངས་ལས་8.9%འཕར་བ་དང་ཤ་སྒོང་འོ་མ་བཅས་ཀྱི་ཐོན་འབབ་ཏུན་ཁྲི་19.32ཟིན་པ་དེ་དུས་མཚུངས་ལས་16.5%འཕར་བ་རེད།

    འབྲུ་རིགས་ལ་དམ་འཛིན་བྱས་ཤིང་། རྫས་ལུད་འཁོར་རྒྱུག་གི་སྒྲིག་སྲོལ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཞིང་ཕན་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། 2023ལོར་ལྗོངས་ཡོངས་ཀྱིས་རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་ཁ་གསབ་སྒོར་དུང་ཕྱུར་1.75དང་དངོས་སུ་འབྲུ་རིགས་འདེབས་མཁན་ཞིང་པའི་སྤྲོད་ཐེངས་གཅིག་གི་ཁ་གསབ་སྒོར་ཁྲི་1575དོན་འཁྱོལ་དང་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་3.15བཏང་ནས་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱས་པ། ལྗོངས་ཡོངས་སུ་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་289དོན་འཁྱོལ་བྱས་པ་དེ་རྒྱལ་ཁབ་ཀྱིས་གཤམ་སྤྲོད་བྱས་པའི་ལས་འགན་མུའུ་ཁྲི་8.2ལས་བརྒལ་ཡོད་པ་རེད།

    “ཤ་ཚལ་སྒོང་གསུམ”ལ་དམ་འཛིན་བྱས་ཤིང་། 《བེད་མེད་ཀྱི་སྔོ་ཚལ་སྒྲིག་ཆས་གང་འགབ་ཅི་སྤྱོད་ཀྱིས་སྔོ་ཚལ་བརྟན་པོའི་ངང་མཁོ་སྤྲོད་འགན་ལེན་བྱེད་ནུས་ཆེ་རུ་གཏོང་བའི་ལག་བསྟར་ཇུས་གཞི》བཏོན་ནས་ལོ་སྟོད་དུ་བེད་མེད་དུ་ལུས་པའི་སྔོ་ཚལ་གྱི་སྒྲིག་ཆས་རྒྱ་ཁྱོན་མུའུ་1870.05གྲལ་བཤེར་དང་བེད་མེད་དྲོད་ཁང་མུའུ་1632.66སླར་གསོ་བེད་སྤྱོད་བྱས་ཡོད། ཟླ་7ཚེས་20ཉིན་བར་ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་37.84དང་སྔོ་ཚལ་ཐོན་ཚད་ཏུན་ཁྲི་26.04ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།