དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • འབྲི་ཆུའི་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སློབ་ཚན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-08-12

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8ཚེས་10ཉིན་གློག་འཕྲིན་འབྱོར་གསལ། དབྱར་གསེང་རིང་བཀྲ་ཤིས་ནོར་བུས་སློབ་གྲྭར་བཏབ་པའི་ལྕང་མར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། “སློབ་འགོ་ཚུགས་མ་ཐག་ངས་ལྕང་སོན་རྟེན་གཞིར་སོང་ནས་རྩྭ་ངན་བཀོག་སྟེ་ལྕང་མར་ཆུ་རྒྱག་གི་ཡིན” བཀྲ་ཤིས་ནོར་བུས་ལྕང་མར་ཆུ་རྒྱག་པ་ནས་ལོ་རིམ་ལྔ་པའི་འཚོ་བ་གསར་པ་འགོ་བརྩམས།

    བཀྲ་ཤིས་ནོར་བུ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་འབའ་དགོན་ཤང་ལྟེ་བའི་ཞག་སྡོད་ལམ་ལུགས་སློབ་གྲྭའི་ལོ་རིམ་བཞི་པའི་སློབ་མ་ཞིག་རེད། ཆུ་དམར་ལེབ་རྫོང་ནི་མཚོ་བོད་ས་མཐོར་གནས་ཤིང་། འབྲི་ཆུའི་བྱང་རྒྱུད་ཀྱི་ཆུ་འགོ་གཙོ་བོ་ཡིན་པ་དང་། འབྲི་ཆུའི་ཆུ་འགོར་གནས་ཡོད་པས་སྐྱེ་ཁམས་ལ་གཅེས་སྤྲས་དང་ལྗང་མདོག་ལ་སྲུང་སྐྱོང་བྱེད་པ་ནི་འབའ་དགོན་ཤང་ལྟེ་བའི་ཞག་སྡོད་ལམ་ལུགས་སློབ་གྲྭའི་སློབ་མ་ཚོའི་ངེས་སྦྱོང་སློབ་ཚན་ཞིག་ཏུ་གྱུར་ཡོད།

    2013ལོར་འབའ་དགོན་ཤང་ལྟེ་བའི་ཞག་སྡོད་ལམ་ལུགས་སློབ་གྲྭ་སློབ་ཁུལ་གསར་པར་སྤོས་པ་དང་། སློབ་ཁུལ་སྐྲུན་དུས་ནས་ཨར་འདམ་ལམ་དང་ཁང་པ་ཕུད་པའི་ས་ཆ་ཚང་མ་གདོད་མའི་རྩྭ་ཐང་དུ་འཇོག་རྒྱུའི་འཆར་གཞི་བཀོད་པ་རེད།

    ཕྲུ་གུ་ཚོས་རང་བྱུང་ཁམས་དང་འགྲོགས་ནས་དགའ་སྤྲོའི་ངང་སློབ་སྦྱོང་བྱེད་པ་ནི་སློབ་གྲྭའི་སློབ་གཉེར་གྱི་འདུ་ཤེས་སུ་གྱུར་ཡོད། དང་ཐོག་དགེ་རྒན་རྣམས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་བསླབ་གཞི་ཟིན་བྲིས་བརྒྱབ་སྟེ“ཁོར་ཡུག་སྲུང་སྐྱོང་གི་མཚོན་རྟགས་ངོས་འཛིན”དང་། “གད་སྙིགས་རིགས་དབྱེ་སྟངས་སྦྱོང་བ” “གཙང་གསུམ་ཆུ་འགོ་ཤེས་རྟོགས་བྱེད་པ”སོགས་ཀྱི་ནང་དོན་ཆེད་མངགས་སློབ་ཚན་ནང་བཅུག་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དེ་རིམ་བཞིན་སློབ་ཚན་གྱི་ཕྱོགས་གང་སར་ཁྱབ་པ་དང་། དགེ་རྒན་ཚོས་ཕྲུ་གུ་ཚོ་ཁྲིད་ནས་ཚན་རིག་ཚོད་ལྟ་བྱས་ཏེ། རྩི་ཤིང་གི་འོད་སྦྱོར་ནུས་པ་ཤེས་རྟོགས་དང་སློབ་གྲྭའི་ནང་གི་རྩྭ་རྩི་ཤིང་ལ་ལྟ་ཞིབ་བྱས་ནས“རྩྭ་རྩི་ཤིང་གི་ཉིན་ཐོ”འབྲི་གི་ཡོད།

    དཔེ་དེབ་ནས་སྦྱངས་པའི་ཤེས་བྱ་ལག་ལེན་དུ་བསྟར་ཏེ། སློབ་ཁང་གི་ཕྱི་རོལ་དུ་ཕྲུ་གུ་ཚོས་རང་བྱུང་ཁམས་དང་ཉེ་བར་བཅར་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་རང་བྱུང་ཁམས་ལ་ཤེས་རྟོགས་བྱེད་བཞིན་ཡོད།

    ཆུ་དམར་ལེབ་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4550ཟིན་ཞིང་། མཁའ་རླུང་གི་གསོ་རླུང་འདུས་ཚད་ཐང་གཤོངས་ཀྱི་40%ལས་ཟིན་གྱི་མེད་པས་དེ་གར་ལྕང་མ་སྐྱེ་ཁག་པོ་ཡོད། འབའ་དགོན་ཤང་གི་ཅུང་ལེགས་པའི་ས་ཆུའི་ཆ་རྐྱེན་ལ་བརྟེན་ནས་སློབ་གྲྭས་2018ལོར་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་སྡེ་ཚན་གྱིས་ཞལ་འདེབས་བརྒྱབ་པའི་མཚོ་སྔོན་གྱི་གསོམ་ཤིང་དང་རྒྱ་ལྕང་སྤྱད་དེ་ལྕང་སོན་རྟེན་གཞི་ཆུང་གྲས་བསྐྲུན་ནས་ལྕང་སོན་འདེབས་འཛུགས་འཚོལ་ཞིབ་བྱེད་འགོ་བཙུགས་པ་རེད།

    ལོ་རིམ་གསུམ་པ་ཡན་གྱི་སློབ་མ་མི་རེ་ངོ་རེས་ལྕང་སོན་རེ་རྩིས་བླངས་ནས་ལྕང་སོན་ལ་གཡོག་བྱེད་དང་། ཆུ་རྒྱག་པ། ཡལ་བཞུར་རྒྱག་པ་བཅས་ཀྱི་འགན་འཁུར་གྱི་ཡོད་ལ། སློབ་གྲྭ་ཐོན་རྗེས་ལྕང་སོན་རྣམས་ལོ་རིམ་དམའ་བའི་ཕྲུ་གུ་ཚོར་རྩིས་སྤྲོད་ཀྱི་ཡོད། ཕྲུ་གུ་ཚོས་ལྕང་སོན་རང་ཉིད་ཀྱི་གྲོཌ་པོར་བརྩིས་ནས་གཅེས་སྐྱོང་ཡག་པོ་བྱེད་ཀྱི་ཡོད་པ་དང་། ཉིན་ལྟར་སློབ་གྲྭར་སླེབས་མ་ཐག་ལྕང་སོན་ལ་ཆུ་རྒྱག་གི་ཡོད།

    ལོ་ལྔའི་རིང་སློབ་གྲྭའི་གསོམ་ཤིང་གསོན་ཚད་95%ཡན་དང་རྒྱ་ལྕང་གསོན་ཚད་90%ཡན་ཟིན་ཡོད་པས་ཕྲུ་གུ་ཚོའི་དཀའ་སྤྱད་ལས་ལ་འབྲས་བཟང་སྨིན་ཞིང་། སློབ་གྲྭའི་ལེགས་གྲུབ་བྱུང་བའི་ཤིང་འཛུགས་ཀྱི་ཉམས་མྱོང་ཡང་ཤང་ཡོངས་སུ་ཁྱབ་གདལ་བཏང་ཡོད།

    ཁོར་ཡུག་སྲུང་སྐྱོང་གི་སློབ་གསོའི་འོག་ཕྲུ་གུ་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དེ་ཕ་ཡུལ་དུ་ཁྱབ་ནས་ ལོ་ལྟར་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཕྲུ་གུ་ཚོས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་ཤོག་བྱང་རང་འགུལ་ངང་བྲིས་ནས་མི་རྣམས་ལ་དབྱར་རྩྭ་དགུན་འབུ་བརྐོ་དུས་ཀྱི་གད་སྙིགས་དུས་ཐོག་ཏུ་གཙང་སེལ་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད་ལ། ཁོ་ཚོས་ཀྱང་རང་འགུལ་ངང་རྩྭ་ཐང་དུ་ཡོད་པའི་གད་སྙིགས་སྒྲུག་གི་ཡོད།

    ཁོར་ཡུག་སྲུང་སྐྱོང་གི་སྲུང་དམག་ཆུང་ཆུང་དཔྱད་འདེམས་དང་། ཁོར་ཡུག་སྲུང་སྐྱོང་གི་ཟློས་གར་དུས་ཆེན་གཉེར་བ། གད་སྙིགས་བླུགས་སྣོད་བཟོ་བ་སོགས་འབའ་དགོན་ཤང་ལྟེ་བའི་ཞག་སྡོད་ལམ་ལུགས་སློབ་གྲྭའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སློབ་ཚན་དེ་སློབ་གྲྭ་ནས་ཡངས་ཤིང་རྒྱ་ཆེ་བའི་གནམ་སའི་བར་སྤོས་ཤིང་། དེ་གའི་འབྲི་ཆུའི་ཆུ་འགོ་དང་། རྩྭ་ཐང་གི་རྩྭ་རྩི་ཤིང་། འདབ་ཆགས་དང་རི་དྭགས་བཅས་ཚང་མ་ཕྲུ་གུ་ཚོའི་རང་བྱུང་ཁོར་ཡུག་སྲུང་སྐྱོང་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།