མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་གོ་ལ་ཧྲིལ་པོའི་སློབ་གསོའི་མ་ལག་གསར་དུ་བཏོད་དེ་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་བསྐྲུན་དགོས་པའི་རེ་འབོད་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་བར་གཞིགས་ན། ཉིན་ཤས་གོང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས“སློབ་གསོའི་སྒྱུར་བཅོས”སྲིད་ཇུས་ཀྱི་བསྡུས་འཕྲིན་ཡོངས་བསྒྲགས་བྱེད་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་སློབ་གསོའི་མ་ལག་གསར་དུ་བཏོད་དེ་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་བསྐྲུན་ནས་ཚེ་གང་གི་སློབ་སྦྱོང་མ་ལག་གཏོད་དགོས་པའི་རེ་འབོད་བྱས་པ་རེད།
ཀུ་ཐེ་ལེ་སིས་བརྗོད་དོན། རང་འགུལ་ཅན་དང་། མི་ཐབས་རིག་ནུས། ལས་འབོར་ཉུང་བའི་དཔལ་འབྱོར་བཅས་ཐོན་པ་དེས་ངལ་རྩོལ་འགྱུར་ལྡོག་མྱུར་པོ་བྱུང་ནས་སློབ་གསོའི་ནང་དོན་དང་། བྱེད་སྟངས། དུས་ཚོད་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེང་སྐབས་ཀྱི་སློབ་གསོའི་མ་ལག་གི་རྩ་བ་དེ་ངག་སྐྱོར་གཙོ་བོར་འཛིན་པའི་སློབ་སྦྱོང་བྱེད་སྟངས་ཀྱི་ཐོག་ནས་སློབ་མར་སྤྱི་ཚོགས་ཀྱིས་ཁོང་ཚོས་ཤེས་དགོས་པའི་ཤེས་བྱ་བརྒྱུད་སྤྲོད་བྱེད་པ་ལས་ཁོང་ཚོར་ངེས་གཏན་མེད་པའི་འབྱུང་འགྱུར་ནང་ཇི་ལྟར་བྱས་ནས་འཚར་ལོངས་ཡོང་བར་རོགས་རམ་བྱེད་ཀྱི་མེད།
ཀུ་ཐེ་ལེ་སིས་སྲོལ་རྒྱུན་གྱི་འགུལ་མེད་རྣམ་པའི་སློབ་གསོའི་ལྟ་བ་དོར་ནས་འཚམ་མཐུན་རང་བཞིན་ཆེ་བ་དང་སྤྱོད་སྒོ་ཆོད་པའི་ཚེ་གང་སློབ་སྦྱོང་གི་མ་ལག་བཏོད་དེ་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་དངོས་འབྲེལ་བསྐྲུན་དགོས་ཞེས་བརྗོད་པ་རེད། ཁོང་གིས་མི་ཚོས་འགྱུར་ལྡོག་ཆེན་པོ་འགྲོ་བའི་འཛམ་གླིང་ཁྲོད་དེང་རབས་ཀྱི་སློབ་གསོའི་མ་ལག་གིས་སློབ་སྦྱོང་གི་དགོས་མཁོ་སྐོང་ཐུབ་མིན་ལ་དོགས་འཆར་སྐྱེས་ནས“ང་ཚོས་རྒྱུས་མངའ་ཆེ་བའི་སློབ་གསོའི་མ་ལག་ལ་རྩ་བའི་རང་བཞིན་གྱི་སྒྱུར་བཅོས་བྱེད་དགོས”ཞེས་བརྗོད་ཡོད།
ཀུ་ཐེ་ལེ་སིས་ཁོངས་མིའི་རྒྱལ་ཁབ་ཀྱིས་སློབ་གསོ་དང་ཚེ་གང་སློབ་སྦྱོང་ནི“གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས”ཤིག་ཡིན་པ་ངོས་འཛིན་བྱས་ནས་2030ལོའི་གྲོས་རིམ་དང་2022ལོའི་སློབ་གསོའི་སྒྱུར་བཅོས་དབུ་ཚོགས་ཐོག་གི་ཁས་ལེན་ལག་ལེན་བསྟར་དགོས་པ་མ་ཟད། སློབ་གསོའི་སྒྱུར་བཅོས་ནང་འདུས་པའི་གཞི་རྩའི་རྒྱུ་རྐྱེན་གཙོ་བོས་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་བསྐྲུན་པའི་འདུན་པ་གསར་པར་དམིགས་ཏེ་ཁས་ལེན་བྱེད་དགོས་པའི་རེ་འབོད་བྱས་ཡོད།