2023ལོའི་འབྲི་ཆུའི་ཆུ་འགོའི་རྩྭ་གཟན་སྲོག་ཆགས་དང་རྩྭ་སའི་སྤུས་ཚད་ལ་ཚན་རིག་རྟོག་ཞིབ་བྱེད་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་འབྲི་ཆུའི་ཆུ་འགོའི་རྩྭ་གཟན་སྲོག་ཆགས་དང་རྩྭ་སའི་སྤུས་ཚད་ཀྱི་ཕྱོགས་བསྡུས་ཚན་ཞིབ་ལས་དོན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རུ་སྤེལ་འགོ་ཚུགས་ཤིང་། འབྲི་ཆུའི་ཆུ་འགོ་ཁུལ་གྱི་རྩྭ་གཟན་སྲོག་ཆགས་ཀྱི་སྣ་མང་རང་བཞིན་དང་རྩྭ་སའི་ཐེག་ནུས་ཀྱི་འགྱུར་ལྡོག་ནི་ད་ཐེངས་ཀྱི་ཚན་ཞིབ་ཀྱི་གཙོ་གནད་ཅིག་རེད།
ད་ཐེངས་ཀྱི་ཚན་ཞིབ་ཀྱིས་མཚོ་སྔོན་ཞིང་ཆེན་གྱི“སྤྱི་ཁྱབ་བཀོད་འདོམས་ཚན་རིག་མཁས་ཅན་གྱི་འགན་འཁྲིའི་ལམ་ལུགས”ཀྱི་རྣམ་གྲངས་དང“གཙང་གསུམ་ཆུ་འགོའི་རྩྭ་སའི་ནུས་མང་རང་བཞིན་གྱི་འབྲེལ་ཡོད་ཚན་རིག་གནད་དོན་དང་། འགག་རྩའི་ལག་རྩལ། གསར་གཏོད་རྣམ་པའི་ཞིབ་འཇུག”དང་དེ་བཞིན་མཚོ་བོད་ཚན་ཞིབ་ཐེངས་གཉིས་པའི་རྣམ་གྲངས་བཅས་གཞི་རྟེན་དུ་བྱས་པ་དང་། ཚན་ཞིབ་དེ་མཚོ་སྔོན་སློབ་ཆེན་གྱིས་སྣེ་ཁྲིད་ནས་སྒྲིག་འཛུགས་བྱས་པ་དང་ཀྲུང་གོ་ཚན་རིག་ཁང་མཁའ་དབྱིངས་ཆ་འཕྲིན་གསར་གཏོད་ཞིབ་འཇུག་ཁང་དང་ལན་ཀྲོའུ་སློབ་ཆེན་སོགས་ཚན་པ་མཉམ་དུ་ཞུགས་པ་རེད།
འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཁུལ་ཡིན་པའི་མཚོ་སྔོན་གཙང་གསུམ་ཆུ་འགོ་ཁུལ་ནི་འཛམ་གླིང་ཐོག་ས་བབ་མཐོ་བའི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད་ལ། མཚོ་བོད་ས་མཐོའི་སྐྱེ་ཁམས་དང་སྐྱེ་དངོས་ཀྱི་བང་མཛོད་གལ་ཆེན་ཞིག་ཀྱང་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཚན་ཞིབ་གྲུབ་འབྲས་ལས་འབྲི་ཆུའི་ཆུ་འགོའི་རྩྭ་སའི་སྤུས་ཚད་དང་གཟན་རྩྭ་མཁོ་སྤྲོད་ནུས་པ། རྩྭ་གཟན་སྲོག་ཆགས་ཀྱི་གྲངས་འབོར་དང་དེ་བཞིན་གཟན་རྩྭ་མཁོ་ཚད་བཅས་གསལ་རྟོགས་ཐུབ་ནས་འབྲི་ཆུའི་ཆུ་འགོའི་རྩྭ་ས་ལུགས་མཐུན་དང་རྒྱུན་མཐུད་ངང་སྤྱོད་པར་གཞི་རྩའི་གྲངས་གཞི་དང་ཐག་གཅོད་ཇུས་གཞི་མཁོ་འདོན་ཐུབ་རྒྱུ་རེད།