དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གནད་དོན་གྱི་གསལ་ཐོར་བརྟེན་ནས་འགན་ནུས་ཧུར་ཐག་སྒྲུབ་པ།

    —— ལྷོ་ཁ་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་ཀྱིས་བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-11

    ལོ་མང་རིང་། ལྷོ་ཁ་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་ཀྱིས“དམངས་ལ་བྱ་བ་དངོས་སྒྲུབ་པ”དེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་གསོན་ཉམས་དོད་པའི་ལག་ལེན་ལ་བརྩིས་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བདེ་སྐྱིད་བསྐྲུན་པ་བཅས་བྱས་ཡོད།

    བྱ་བ་ཆུང་རྩག་ནས“བརྩེ་བ་ཟབ་མོ”མངོན་པ།

    2020ལོའི་ཟླ་3པར། གྲ་ནང་རྫོང་སྤྱི་བདེ་ཅུས་རྔ་སྒྲ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཅང་ཤན་ལེང་གིས་རྫ་ཡུལ་གྲོང་ཚོའི་ཧྲུའུ་ཅི་དང་པོའི་འགན་འཁུར་རིང་། གྲོང་མི་ཚོས་རྫ་ཡུལ་གྲོང་ཚོ་ནས་རྒྱལ་གླིང་གྲོང་ཚོ་བར་གྱི་སྤྱི་ལེ་5ཙམ་གྱི་ལམ་དུམ་ཧྲིལ་པོར་བྱེ་མ་དང་རྡོས་ཁེངས་པས་འགྲོ་སྐྱོད་བདེ་པོ་མེད་པའི་སྐོར་སྙན་སེང་ཞུས་པར་ཅང་ཤན་ལེང་གིས་འཕྲལ་མར་གོང་རིམ་དང་ཨར་འདམ་ལམ་ངོས་མཁྲེགས་འགྱུར་གྱི་འཛུགས་སྐྲུན་རྣམ་གྲངས་བརྩོན་ལེན་བྱས་ནས། དུས་ཡུན་ཟླ་བ་4ལྷག་ཙམ་གྱི་རྗེས་སུ་གཞུང་ལམ་ཤར་གཏོང་ཐུབ་པས་གྲོང་མི་ཚོའི་སེམས་ནད་ཀྱང་བསལ་པ་རེད།

    “ནམ་མཁའ་དྭངས་དུས་ཐལ་བས་སྒྲིབ་པ་དང་ཆར་པ་བབས་དུས་རྫབ་ཀྱིས་ཁེངས་པའི་ལམ་བུ་བསྐྱར་བཟོ་བྱས་ནས་ཤར་གཏོང་ཐུབ་པ”དང་། “རྫ་བཟོ་གླིང་དང་སྦྲང་མ་གསོ་ཚགས་ར་བ་བསྐྲུན་ནས་མང་ཚོགས་ཀྱི་ཡོང་འབབ་སྔར་བས་མང་དུ་ཕྱིན་པ” “ཆུ་མཛོད་རྒྱས་སྐྲུན་དང་འཐུང་ཆུའི་ལས་གྲྭ་ལེགས་གྲུབ་བྱུང་ནས་མང་ཚོགས་ཀྱི་འཐུང་ཆུའི་དཀའ་གནད་བསལ་བ”སོགས་གྲོང་ཚོར་བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་རིམ་ཁག་ལས་དོན་རུ་ཁག་གིས་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་རེ་རེ་བཞིན་ཐག་གཅོད་བྱས་པས་མང་ཚོགས་ཀྱི་བསམ་འདུན་མངོན་འགྱུར་བྱུང་ཡོད།

    ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་མི་དམངས་ཀྱི་ཁྲོད་ནས་ཡོང་བ་དང་། མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་དང་། མྱོང་རོལ་ཐུབ་པ། དངོས་ཕན་ཐོབ་པ་བཅས་ཀྱི་བྱ་བ་དངོས་དེ་རང་ཉིད་ཀྱི་དོན་དག་ལ་བརྩིས་ནས་བསྒྲུབས་པས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཕྱིན་ཡོད།

    དཀའ་བ་སྤྱད་ནས་བདེ་སྐྱིད་དོན་གཉེར་བྱེད།

    ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་དཀའ་ཚེགས་ཆེ་ཤོས་ཡོད་པའི་མང་ཚོགས་ཀྱི་གནད་དོན་ཐག་གཅོད་དང་། མངོན་གསལ་དོད་ཤོས་ཀྱི་གནད་དོན་ཐག་གཅོད། དོན་དངོས་དང་མཐུན་ཤོས་ཀྱི་ཁེ་ཕན་བརྩོན་ལེན་བཅས་ནས་འགོ་བཙུགས་ཏེ། “སྒོ་རྡུང་བྱ་སྤྱོད”དང“སྒོ་རྩར་ཞབས་འདེགས་ཞུ་བ”དང་། རྒྱུགས་སྤྲོད་སློབ་མར་ལག་ཁྱེར་གསབ་གཉེར་གྱི“ལྗང་མདོག་བགྲོད་ལམ”གཏོད་པ། དུས་ཆེན་དང་ངལ་གསོའི་ཉིན་མོར་ལས་གནས་བརྟན་སྲུང་གིས་ཞབས་འདེགས་ཞུ་བ་སོགས་དམངས་བདེ་དམངས་ཕན་གྱི་བྱེད་ཐབས་མུ་མཐུད་ཁྱབ་གདལ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་ཡོད། འདི་ལོ་ཚུན་དུ་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་རིམ་ཁག་ལག་ཁྱེར་གཉེར་བའི་སྐར་ཁུང་གིས་རྒྱ་ཆེའི་མང་ཚོགས་ལ་སྔོན་སྒྲུབ་ལས་སྒོ་3000ལྷག་ཙམ་གཉེར་བ་དང་སྒོ་རྩར་ལག་ཁྱེར་2000ལྷག་ཙམ་བསྐྱལ་ཡོད།

    “མང་ཚོགས་ཀྱི་བློ་ལ་བབས་ཚེ་ང་ཚོས་དཀའ་ལས་རྒྱག་རིན་འདུག”རྒྱ་ཚ་རྫོང་ལྷ་གསོལ་ཤང་མངགས་གཏོང་ཁང་གི་སུའོ་ཀྲང་ཡེ་ཤེས་ཚེ་རིང་གིས། མང་ཚོགས་ལ་ཞབས་འདེགས་ཞུ་བར་མི་སེར་སེམས་ནང་འཇོག་རྒྱུ་མཐའ་འཁྱོངས་དང་མི་དམངས་ཀྱི་བསམ་འདུན་ཉན་ནས་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་བ་བྱ་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས་ཞེས་བཤད།

    མང་ཚོགས་ཀྱི“གནད་དོན་གསལ་ཐོ”ནི་ལས་བྱེད་པའི“འགན་སྒྲུབ་གསལ་ཐོ”ཡིན།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཚུན་དུ་ལྷོ་ཁ་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མང་ཚོགས་ལ་གློག་འཕྲིན་གྱི་ཁ་བསླུས་མ་དངུལ་སྒོར་ཁྲི་154ལྷག་ཙམ་ཚུར་ལེན་རོགས་བྱས་པ་དང་། གློག་འཕྲིན་ཁ་བསླུས་གྱི་མ་དངུལ་སྒོར་ཁྲི་1758ལྷག་ཙམ་བསྒྱུར་སྐབས་བཀག་ཐུབ་པ། ལས་བཟོའི་གླ་ཆ་སྒོར་ཁྲི་200ལྷག་ཙམ་དེད་ལེན་བྱས་པ། རོགས་སྐྱོབ་བྱེད་སྒོ་ཐེངས་100ལྷག་ཙམ་སྤེལ་ཡོད།

    མང་ཚོགས་ཀྱི“གནད་དོན་གསལ་ཐོ”ཐག་གཅོད་བྱས་ཏེ“འགན་སྒྲུབ་གསལ་ཐོར”བསྒྱུར་ནས་དམངས་ལ་ཞབས་འདེགས་ཞུ་བའི་མདུན་སྐྱོད་ཀྱི་ལམ་བུའི་ཐོག་ལྷག་བསམ་རྣམ་དག་གིས་དུས་རབས་གསར་པའི་སྤྱི་བདེ་ལས་ཁུངས་ཀྱི་འགན་འཁྲི་དང་ལས་འགན་ལག་ལེན་སྟར་ཏེ། མང་ཚོགས་ཀྱི་རེ་སྒུག་དག་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱས་ནས་ཉེན་རྟོག་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་ཡོད།

    མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པར་དོན་དག་སྒྲུབ་པ།

    སྲིད་དོན་ཞབས་ཞུ་གཏིང་ཟབ་ཏུ་གཏོང་བར་དམིགས་ཏེ་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཞབས་ཞུའི་སྟབས་བདེའི་བྱ་ཐབས་ཁག་10དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་བཏང་ནས། “ལག་ཁྱེར་གཅིག་གཉེར་བ་དང་། ཐག་ཉེ་སར་གཉེར་བ། དྲ་ཐོག་ཏུ་གཉེར་བ”བཅས་ཕྱོགས་གསུམ་ཐད་ནས་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་ལས་སྒོ་སྒྲུབ་པར“ཐེངས་གཅིག་ལས་རྒྱུག་དགོས་མེད་པའི”སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་བཏང་ཡོད།

    འདི་ལོ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ཁ་ལོ་བའི་ལག་ཁྱེར་བརྗེ་ལེན་དང་ཞིབ་བཤེར་རྩིས་ལེན་སོགས་འཁོར་གཏོང་ལས་སྒོ་རིགས་18ལ“སྐར་ཁུང་གཅིག་ནས་ཀུན་སྒྲུབ”དང“ལག་ཁྱེར་གཅིག་གཉེར་བ”དང་། “ཉེན་རྟོག་དང་སྦྲག་སྲིད”དང“ཉེན་རྟོག་དང་འགན་བཅོལ”གྱི་མཉམ་ལས་ལམ་སྲོལ་གྱི་ཞབས་ཞུ་ཁྱབ་གདལ་བཏང་བ། འགྲིམ་འགྲུལ་དོ་དམ་ལས་སྒོ་དང་སྤྱི་ཚོགས་ཐོ་འགོད་ཞབས་ཞུ་ས་ཚིགས་2བཙུགས་ཏེ། འཇིབ་ཆུང་གི་ཐོ་འགོད་སོགས་ཀྱི་དབང་ཆ་རྫོང་དང་ཆུས་12ཀྱི་རླངས་འཁོར་དོ་དམ་སུའོ་ལ་སྤྲད་ནས་རླངས་འཁོར་དོ་དམ་གྱི་ལས་སྒོ་ཁག་གཅིག་ཐག་ཉེ་སར་གཉེར་ཐུབ་པ་བྱུང་ཡོད། འགྲིམ་འགྲུལ་དོ་དོམ་གྱི“12123”ལག་ཐོགས་ཁ་པར་གྱི་APPཡི“དྲ་བ་གཅིག་ཤར་གཏོང”གཞི་རྟེན་དུ་བྱས་ཏེ། དྲ་ཐོག་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ལས་སྒོ་2435དང་། ཁ་ལོ་བའི་ལག་ཁྱེར་གྱི་ལས་སྒོ་7272 སྤྱི་ཚོགས་ཀྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཚབ་གཉེར་ལས་སྒོ་1448བཅས་གཉེར་བ་དང་། དྲ་ཐོག་ནས་མི་ཐེངས་2494ཡིས་རྒྱུགས་ལེན་སྔོན་མངགས་བྱས་པ། དྲ་ཐོག་ནས་གློག་རྡུལ་ཁ་ལོ་བའི་ལག་ཁྱེར་45130བླངས་པ། འགྲིལ་འགྲུལ་དོ་དམ་གྱི་ལས་སྒོ་20ལྷག་ཙམ་དྲ་ཐོག་ནས་གཉེར་ནས་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།