རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་རིག་དངོས་འགྲེམས་སྟོན་དང་བེད་སྤྱོད་ཀྱི་ལས་དོན་ཡག་པོ་བསྒྲུབས་པ།
ཐབས་ལམ་རྒྱ་ཆེར་བཏང་ནས་རིག་དངོས་གསོན་པོར་གནས་ཐབས་བྱས་པ།
རིག་དངོས་གསོན་པོར་གནས་པར་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་ཆེད། འདི་ལོ་ཚུན་དུ་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་རིགས་ཁག་གི་རིག་དངོས་འགྲེམས་སྟོན་དང་བེད་སྤྱོད་ཀྱི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས། ལྗོངས་ཕྱི་ནང་དུ་སྔ་རྗེས་སུ་ལོ་རྒྱུས་རིག་དངོས་དང་གསར་བརྗེའི་རིག་དངོས་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་སྟོན་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་རིག་དངོས་ལས་དོན་གྱི་དམིགས་བསལ་གྱི་ནུས་པ་གལ་ཆེན་བཏོན་ཡོད།
འདི་ལོ་ཚུན་དུ། གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་དང་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་མཉམ་དུ་གཉེར་བ་དང་ཉི་གཞོན་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་ཀྱིས་དམིགས་བསལ་རྒྱབ་སྐྱོར་བྱས་པའི《བཀྲ་ཤིས་ཉམས་བཟང—གནའ་བོའི་ཕོ་བྲང་དང་བོད་ཀྱི་རིག་དངོས་ཀྱི་མཉམ་འབྲེལ་འགྲེམས་སྟོན》འདི་ལོའི་ཟླ་4ཚེས་29ཉིན་ནས་ཟླ་7ཚེས་30ཉིན་བར་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་གི་ཝུའུ་མོན་རྒྱལ་སྒོ་དང་དེ་བཞིན་ཤར་ནུབ་ཡན་ཁྲི་ཐོག་ཁང་གི་འགྲེམས་ཁང་དུ་འགྲེམས་སྟོན་བྱས་པ་རེད། འགྲེམས་སྟོན་གྱིས་ལོ་རྒྱུས་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་གྲུབ་པ་ནས་སྲ་བརྟན་དུ་གཏོང་བའི་བར་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་རླབས་པོ་ཆེ་བསྐྱར་མཚོན་བྱས་པ་དང་། དེ་ནི་མི་རིགས་མང་པོས་ཐུན་མོང་ཐོག་ཀྲུང་ཧྭའི་བསམ་པའི་ཁྱིམ་གཞིས་སྐྲུན་པའི་དཔང་རྟགས་གལ་ཆེན་ཞིག་རེད།
འདི་ལོའི་ཟླ་5ཚེས་18ཉིན་བསྐྱར་སྐྲུན་རྒྱས་སྐྲུན་ཟིན་པའི་རང་སྐྱོང་ལྗོངས་རྟེན་མཛོད་ཁང་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ཚུན། གསར་བརྗེའི་རིག་དངོས་འགྲེམས་སྟོན་ནང་དོན་གཙོ་བོར་བྱས་པའི《གངས་ལྗོངས་ཀྱི་མཛད་རྗེས་རྡོ་རིང—བོད་ཀྱི་གསར་བརྗེའི་རིག་དངོས་འགྲེམས་སྟོན》ལ་ཟླ་7ཚེས་19ཉིན་བར་ས་ཡུལ་དངོས་སུ་ལྟ་སྐོར་བ་ཁྱོན་ཁྲི་16.8སླེབས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 《གངས་ལྗོངས་ཀྱི་མཛད་རྗེས་རྡོ་རིང—བོད་ཀྱི་གསར་བརྗེའི་རིག་དངོས་འགྲེམས་སྟོན》ནང“བདག་དབང་སྲུང་སྐྱོང་དང་བོད་དུ་དཔུང་སྐྱོད་བྱེད”དང་། “བོད་ལྗོངས་གཉེར་སྐྱོང་དང་རྒྱལ་སྲུང་སྲ་བརྟན” “དམངས་གཙོའི་བཅོས་སྒྱུར་དང་རང་ཁྱིམ་རང་བདག” “བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར” “སྔོན་གཤེགས་དཔའ་བོར་རྗེས་དྲན་དང་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ”བཅས་ནང་དོན་ཁག་ལྔ་བཀོད་སྒྲིག་བྱས་ཡོད།
གསར་བརྗེའི་རིག་དངོས་རྒྱབ་ཀྱི་གཏམ་རྒྱུད་སྔར་བས་ཡག་པོ་ཤོད་པ་དང་། རྟེན་མཛོད་ཁང་གི་དྲིལ་བསྒྲགས་སློབ་གསོའི་འགན་ནུས་གང་ལེགས་འདོན་པ། རྒྱལ་ཡོངས་ཀྱི“བསམ་བློ་ཆབ་སྲིད་སློབ་ཚན་ཆེན་པོའི”སློབ་གསོའི་རྟེན་གཞི་ཁག་དང་པོའི་ནུས་པ་གང་ལེགས་འདོན་པ་བཅས་བྱ་ཆེད། བོད་ལྗོངས་རྟེན་མཛོད་ཁང་གིས་ཟླ་6པའི་ཚེས་ཤར་ལ《གངས་ལྗོངས་ཀྱི་མཛད་རྗེས་རྡོ་རིང—བོད་ཀྱི་གསར་བརྗེའི་རིག་དངོས་འགྲེམས་སྟོན》གྱི་སྐོར་སྐྱོད་འགྲེམས་སྟོན་དེ་རྟེན་མཛོད་ཁང་དང་སློབ་གྲྭ་མཉམ་ལས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་གཅིག་ལ་སྐོར་སྐྱོད་འགྲེམས་སྟོན་བྱས་པ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཆིག་སྟོང་ལྷག་ཙམ་གྱིས་འགྲེམས་སྟོན་ལ་བལྟས་པ་རེད།