དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཤའོ་ཡིའུ་ཚའེ་བཟོ་གཏེར་ཁེ་ལས་སུ་ཕེབས་ནས་བདེ་འཇགས་ཐོན་སྐྱེད་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-11

     ཚེས་8ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་ལྷ་ས་གྲོང་ཁྱེར་གྱི་བཟོ་གཏེར་ཁེ་ལས་ཁག་གཅིག་ཏུ་ཕེབས་ནས། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད། ཁོང་གིས། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱས་ནས། དེ་བས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་དམ་འཛིན་ཞིབ་ཚགས་བྱས་ནས། རང་ལྗོངས་ཀྱི་བཟོ་གཏེར་ཁེ་ལས་སྤུས་ཚད་དེ་བས་མཐོ་བ་དང་བདེ་འཇགས་དེ་བས་ཆེ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཤའོ་ཡིའུ་ཚའེ་བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཅུས་ལུང་ཟངས་ལས་ཚད་ཡོད་ཀུང་སི། དབྱི་ཕུའུ་ལི་མ་རྐང་ཚད་ཡོད་ཀུང་སི་མལ་གྲོ་གུང་དཀར་རྫོང་ཡན་ལག་ཀུང་སིའི་ས་ངོས་ས་ཚིགས་བཅས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་ལྟ་ཞིབ་དང་། སྙན་སེང་གསན་པ། བཞུགས་མོལ་སྤེལ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་དག་ཐེར། གཏེར་ཁུལ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། ས་གནས་ས་ཐོག་ཏུ་ཁེ་ལས་ཀྱི་དངོས་ཡོད་དཀའ་ངལ་དང་གནད་དོན་ཐག་གཅོད་བྱ་རྒྱུར་མཐུན་སྦྱོར་ཡང་གནང་བ་རེད། ཁོང་གིས། བདེ་འཇགས་ཐོན་སྐྱེད་ནི་ཁེ་ལས་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་རེད། ཁེ་ལས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་དམ་པོར་བཟུང་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་དང་མཐའ་ཚད་ནན་པོ་སྲུང་དགོས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ལ་གྲལ་བཤེར་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོས་ཚུར་ལན་སྤྲད་པའི་གནད་དོན་ལ་ཁྱོན་ཡོངས་ནས་དག་ཐེར་དང་དག་ཐེར་མཐར་ཕྱིན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ནས་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོའི་འཕེལ་རིམ་མགྱོགས་སུ་གཏོང་དགོས། ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་ལམ་ལུགས་ཀྱིས་མིར་དོ་དམ་དང་ཚད་གཞི་ཅན་གྱི་ཐོན་སྐྱེད་དང་། ཚད་ལྡན་ཅན་གྱི་བཀོལ་སྤྱོད། རིག་ནུས་ཅན་གྱི་དོ་དམ་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རྒྱུན་གཏན་གྱི་བདེ་འཇགས་གསོ་སྦྱོང་དང་། འཕྲལ་སྡོམ་ནང་སྦྱོང་། སྒྲིག་ཆས་གྲབས་གསོག་བཅས་ལ་ཤུགས་སྣོན་བརྒྱབ་ནས་ལས་འཛོལ་གྱི་ཉེན་ཁའི་གནས་ཚུལ་ཐོན་ཚེ་འཕྲལ་དུ་ཐག་གཅོད་ནུས་ལྡན་ཐུབ་པའི་འགན་ལེན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་གང་ཐུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཤའོ་ཡིའུ་ཚའེ་ཡིས། འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་མི་གཏོང་བའི་འགན་འཁྲིའི་བསམ་པ་བཅངས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ཁེ་ལས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་གནད་དོན་ཐོན་བཟོ་ཡོད་དུས་ནས་ཐག་གཅོད་བྱེད་དགོས། ཞིབ་འཇུག་ནན་ཏན་བྱས་ཏེ་བཟོ་གཏེར་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། གཙོ་གནད་ལྗང་མདོག་གཏེར་ལས་ཀྱི་ཐོན་ལས་འཁོར་འབྲེལ་ཁག་གཅིག་སྐྱེད་སྲིང་བྱེད་རྒྱུར་ཤུགས་བརྒྱབ་སྟེ་རང་སྐྱོང་ལྗོངས་ཀྱི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ནས་བོད་ཀྱི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།