འབྲི་ཆུའི་ཆུ་འགོ་ཁུལ་དུ་འོད་ཤུགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་ལས་ཞུགས་ཐག་གཅོད་ལ་སྐུལ་མ་ཐེབས་པ།
འབྲི་ཆུའི་ཆུ་འགོ་ཁུལ་དུ་གནས་པའི་ཚྭ་འདམ་གཤོང་སར་ལུང་སྟོང་གི་གྲམ་ཐང་མུ་མཐའ་མེད་ཅིང་། ཚྭ་འདམ་གཤོང་སའི་དབུས་རྒྱུད་ཀྱི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་དུ“འོད་ཤུགས་ཀྱི་རྒྱ་མཚོ”ཡུག་དང་ཡུག་བྱས་ནས་ཉི་ཟེར་འོག་འོད་སྟོང་འཕྲོ་བཞིན་མཆིས།
ཉིན་གུང་ཉི་མ་ཧ་ཅང་ཚ་ཡང་བཟོ་པ་ལི་ཡུས་ཚའེ་ཡིས་ལུས་པོ་ཡོངས་བཏུམས་ནས་འོད་ཤུགས་པང་ལེབ་ཞིབ་ཚགས་ངང་འཁྲུད་བཞིན་ཡོད།
གོར་མོ་གྲོང་ཁྱེར་ནུས་རྒྱུ་ཅུས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། འོད་ཤུགས་པང་ལེབ་གཙང་འཁྲུད་བྱ་རྒྱུ་གལ་འགངས་ཧ་ཅང་ཆེ་བ་དང་ཕྱི་ངོས་ཀྱི་ཐལ་རྡུལ་ག་ཚོད་ཀྱིས་ཉུང་བ་ཡོད་ན་གློག་གཏོང་ལས་ཕྱོད་དེ་ཙམ་གྱིས་མཐོ་བ་ཡོད། “དུས་བཀག་ལྟར་འོད་ཤུགས་པང་ལེབ་གཙང་འཁྲུད་བྱས་ན་འོད་ཤུགས་པང་ལེབ་ཀྱི་གློག་གཏོང་ལས་ཕྱོད་ཆ་སྙོམས་15%ནས་16%བར་ཆེ་རུ་འགྲོ་བ་དང་མཐོ་ཤོས་ཀྱི་སྐབས་20%ཡན་ཆེ་རུ་འགྲོ་གི་ཡོད”
གྲོང་ཚོའི་ནང་གི་འོད་ཤུགས་པང་ལེབ་འཁྲུད་མཁན་བཟོ་པ་ཁག་དང་པོ་ཡིན་པའི་ལི་ཡུས་ཚའེ་ཡིས། དེ་སྔོན་རང་ཉིད་ཀྱིས་ལས་ཀ་དེ་བྱས་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བསམ་ཡུལ་ལས་འདས། “དེ་སྔ་ཁྱིམ་དུ་ས་ཞིང་མུའུ་4ལས་མེད། དེར་གྲོ་དང་པད་ཁ་བཏབ་པ་དེ་དག་ཁྱིམ་གྱི་བཟའ་འབྲུ་བྱེད་ཀྱི་ཡོད། རྒྱུན་གཏན་གྱི་འགྲོ་སོང་ཚང་མ་ཕྱིར་གླ་པར་བསྐྱོད་ནས་གསོག་གི་ཡོད། འོན་ཀྱང་ལོ་གཅིག་ནང་སྒོར་སྟོང་ཕྲག་ཁ་ཤས་ལས་མེད་པས་འཚོ་བ་འཁྱོལ་ཙམ་ལས་མེད”ཅེས་ལི་ཡུས་ཚའེ་ཡི་བཟའ་ཟླ་ལེང་ཙེང་ལན་གྱིས་བཤད།
འོད་ཤུགས་གློག་ཁང་བཙུགས་ནས་ཡུན་རིང་མ་སོང་བར་ལི་ཡུས་ཚའེ་ཡིས་གྲོང་ཚོ་གཅིག་པའི་ཡུལ་མི་དང་མཉམ་དུ་གློག་ཁང་དུ་འོད་ཤུགས་པང་ལེབ་ཐེངས་དང་པོ་གཙང་འཁྲུད་བྱེད་པར་ཕྱིན། “ལས་ཀ་ཇི་ཙམ་མང་ན་དེ་ཙམ་གྱིས་དངུལ་མང་བ་ལེན་རྒྱུ་ཡོད་པས་ང་རང་ཡོང་བ་ཡིན”ལི་ཡུས་ཚའེ་ཡིས་ལྟ་ཚོད་ཀྱི་བསམ་བློ་བཅངས་ནས་ལས་ཀ་དེ་བྱས་པས་བསམ་ཡུལ་ལས་འདས་པ་ཞིག་ལ་ད་བར་ལོ་བཅུ་ཕྲག་ཁ་ཤས་སོང་ཡོད།
དེ་སྔ་མི་ཐབས་ལ་བརྟེན་དུས་ཉིན་གཅིག་ལ་ཀྲའོ་ཝ་1གི་འོད་ཤུགས་པང་ལེབ་ལས་ཁྲུས་མི་ཐུབ་པ་དང་། གཙང་འཁྲུད་འཕྲུལ་འཁོར་བེད་སྤྱོད་བྱས་རྗེས་ཉིན་གཅིག་ལ་ཀྲའོ་ཝ་3ཡི་འོད་ཤུགས་པང་ལེབ་ཁྲུས་ཐུབ་ཀྱི་ཡོད། ལས་ཕྱོད་ཆེ་རུ་ཕྱིན་པ་དང་ཆབས་ཅིག་ལི་ཡུས་ཚའེ་ཡི་ཡོང་འབབ་ཀྱང་ལོ་རེ་བཞིན་མང་དུ་ཕྱིན་ཡོད། “ཆ་སྙོམས་རྩིས་བརྒྱབ་ན། འོད་ཤུགས་པང་ལེབ་གཙང་འཁྲུད་བྱས་པ་བརྒྱུད་ངའི་ཁྱིམ་གྱི་ལོའི་ཡོང་འབབ་སྒོར་ཁྲི་7ཡན་འཕར་འདུག ང་ཚོས་ད་ཆ་ད་དུང་འོད་ཤུགས་སྒྲིག་ཆས་སྲུང་སྐྱོང་བྱེད་ཀྱི་ཡོད་པས་དེ་ཡང་ཡོང་འབབ་རེད”ཅེས་ལི་ཡུས་ཚའེ་ཡིས་དགའ་ཚོར་ཆེན་པོས་བཤད།
ལི་ཡུས་ཚའེ་ཡིས“འོད་ཤུགས་པང་ལེབ་འཁྲུད་པ”བརྒྱུད་ཁང་པ་གསར་པ་ཞིག་བརྒྱབ་པ་མ་ཟད། རླངས་འཁོར་ཆུང་གྲས་གཅིག་ཀྱང་ཉོས་འདུག གྲོང་ཚོའི་ནང་གི་མི་དེ་བས་མང་བས་ཁོང་དང་མཉམ་དུ་འོད་ཤུགས་པང་ལེབ་བཀྲུ་བའི་ལས་ལ་ཞུགས། “གྲོང་ཚོའི་ནང་རྒྱུན་དུ་འོད་ཤུགས་པང་ལེབ་གཙང་འཁྲུད་བྱ་རྒྱུ་གཙོ་བོར་བྱེད་མཁན་མི་10ལྷག་ཙམ་ཡོད། ལས་མི་དགོས་གལ་ཆེ་བའི་དུས་སུ་སླེབས་སྐབས་ཁྱིམ་ཚང་ཚང་མས་གློག་ཁང་དུ་འོད་ཤུགས་པང་ལེབ་གཙང་འཁྲུད་བྱེད་པར་ཡོང་གི་ཡོད། ཆ་སྙོམས་བྱས་ན་དུད་ཚང་རེར་ཡོང་འབབ་སྒོར་ཁྲི་གཅིག་ཙམ་ཡོད”ཅེས་ལི་ཡུས་ཚའེ་ཡིས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། གོར་མོ་གྲོང་ཁྱེར་གྱི་འོད་ཤུགས་རྣམ་གྲངས་རྒྱུན་ཆད་མེད་པར་བསྐྲུན་པ་དང་ཆབས་ཅིག ས་གནས་དེ་གའི་མང་ཚོགས་དེ་བས་མང་བ་འོད་ཤུགས་གློག་ཁང་གཉེར་སྐྱོང་དང་སྲུང་སྐྱོང་ནང་ཞུགས་ཡོད། གོར་མོ་གྲོང་ཁྱེར་ནུས་རྒྱུ་ཅུས་ཀྱི་ལས་དོན་མི་སྣས་བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། གྲོང་ཁྱེར་ཡོངས་ཀྱི་འོད་ཤུགས་པང་ལེབ་གཙང་འཁྲུད་དང་དེ་བཞིན་འོད་ཤུགས་སྒྲིག་ཆས་སྲུང་སྐྱོང་བྱེད་མཁན་མི་3000ལས་བརྒལ་ཡོད།
ནུས་རྒྱུ་གཙང་མའི་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་འོད་ཤུགས་རྣམ་གྲངས་དེ་རང་རྒྱལ་ནུབ་རྒྱུད་ཀྱི་ས་ཆ་མང་པོར“མེ་ཏོག་བཞད་ནས་འབྲས་བུ”བཏགས་ཡོད། འབྲི་ཆུའི་ཆུ་འགོ་ཁུལ་གྱི་ནུས་རྒྱུ་གཙང་མའི་རྟེན་གཞི་ཡིན་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་ཡིས་རང་ངོས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་། འཕེལ་རྒྱས་ཀྱི་ལེགས་ཆ། ས་ཁོངས་ཀྱི་ཁྱད་ཆོས་བཅས་ལ་བརྟེན་ནས་ལོ་གསུམ་བསྟུད་མར་ཆན་ཝ་ཁྲི་1003གྱི་ནུས་རྒྱུ་གསར་པའི་རྣམ་གྲངས་ཁག་གསུམ་རྒྱལ་ཁབ་ཀྱི་རྟེན་གཞི་ཆེ་མོའི་རྣམ་གྲངས་འཛུགས་སྐྲུན་རྩིས་ཐོའི་ནང་འཇུག་རྒྱུའི་བརྩོན་ལེན་བྱས་པ་དང་། མཚོ་ནུབ་ཀྲོའུ་ཡིས་ཆན་ཝ་ཁྲི་སྟོང་རིམ་པའི“ཚྭ་འདམ་འོད་ཤུགས་བར་ཁྱམས”ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གཏོད་བཞིན་ཡོད།