“ལྗང་མདོག་སྒོ་རྩིས་ཚོང་ཁང”བཙུགས་ནས་འབྲི་ཆུའི་ཆུ་འགོར་འགྱིག་ཤོག་བཀག་འགོག་དང་གད་སྙིགས་ཉུང་གཏོང་གི་བྱ་ཐབས་འཚོལ་ཞིབ་བྱས་པ།
འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འགྱིག་ཤོག་བཀག་འགོག་དང་གད་སྙིགས་ཉུང་གཏོང་གི་འདུ་ཤེས་ལག་ལེན་བསྟར་ཆེད། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་གིས་2019ལོར་རྨ་སྟོད་ཤང་རྫ་སྐྱ་གྲོང་ཚོར་གད་སྙིགས་རིགས་དབྱེའི་ས་ཚིགས་བཙུགས་པ་དང་འབྲེལ། གཙང་གསུམ་ཆུ་འགོའི་ཁུལ་གྱི་གད་སྙིགས་བརྗེ་སྒྱུར་གྱི“ལྗང་མདོག་སྒོ་རྩིས་ཚོང་ཁང”ཐོག་མ་དེ་བཙུགས་པ་རེད།
རྫ་སྐྱ་གྲོང་ཚོའི་གད་སྙིགས་རིགས་དབྱེའི་ས་ཚིགས་ཀྱིས་ཆུ་དམར་ལེབ་རྫོང་ཁོངས་ཀྱི་གྲོང་ཚོ་19ཡི་གད་སྙིགས་ཉོ་སྒྲུབ་དང་། རིགས་དབྱེ། སྐྱེལ་འདྲེན་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད། གད་སྙིགས་དེ་དག་རིགས་དབྱེ་བ་དང་། ལྗིད་ཚད་འཇལ་བ། ཐུམ་བརྒྱབ་ནས་མཛོད་ཁང་མི་འདྲ་བར་ཉར་ཚགས་བྱས་རྗེས་གཅིག་གྱུར་ཐོག་དམིགས་འཛུགས་ཀྱི་གད་སྙིགས་གཙང་སེལ་བྱ་ཡུལ་དུ་དབོར་གྱི་ཡོད།
གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོའི་ཁུལ་ཆུ་དམར་ལེབ་དོ་དམ་ཁྲུའུ་ཡི་ཏང་ཨུད་ཀྱི་ཨུ་ཡོན་རྫ་སྐྱ་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་ཅང་ཧའེ་ཅུན་གྱིས། རྫ་སྐྱ་གྲོང་ཚོའི་གད་སྙིགས་རིགས་དབྱེའི་ས་ཚིགས་ཀྱི་ཚུར་བསྡུའི་ཡོང་འབབ་དེ་གྲོང་ཚོའི་མཉམ་སྡེབ་གཏོང་སྒོ་དང་དེ་བཞིན་མ་མཐའི་འཚོ་བ་འགན་ལེན་དུད་ཚང་དང་མི་ཧྲེང་རྒན་རྒོན་ལ་རོགས་སྐྱོར་བྱེད་པའི་ཐད་སྤྱད་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་དང་སྦྲེལ་མཐུད་བྱས་ཡོད་ཅེས་བཤད་པ་རེད།
གད་སྙིགས་གཙང་སེལ་ཡོང་འབབ་ཀྱི་70%ཚོང་ཟོག་སྣ་ཚོགས་ཉོ་བའི“ལྗང་མདོག་སྒོ་རྩིས་ཚོང་ཁང”ལ་སྤྱོད་ཀྱི་ཡོད་པ་རེད།
ཅང་ཧའེ་ཅུན་གྱིས། ད་ཆ་ཉེ་འགྲམ་གྱི་གྲོང་མིས་གད་སྙིགས་ཚང་མ་རང་འགུལ་ངང་གད་སྙིགས་རིགས་དབྱེའི་ས་ཚིགས་སུ་བསྐྱལ་ནས“ལྗང་མདོག་སྒོ་རྩིས་ཚོང་ཁང”དུ་བརྗེ་སྒྱུར་བྱེད་ཀྱི་ཡོད། “‘ལྗང་མདོག་སྒོ་རྩིས་ཚོང་ཁང’གི་ལྕག་སྐུལ་འོག་གྲོང་མིས་གད་སྙིགས་ཚུར་བསྡུ་དང་རིགས་དབྱེར་ཞུགས་པའི་ཧུར་སེམས་སྔར་བས་ཆེ་རུ་ཕྱིན་ཡོད”ཅེས་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྫ་སྐྱ་གྲོང་ཚོའི་གད་སྙིགས་རིགས་དབྱེའི་ས་ཚིགས་ཀྱིས་འབྲོག་པ་15དང་དབང་པོ་སྐྱོན་ཅན་2ལ་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་རེད།
“ད་ཆ་གྲོང་མིའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་། ང་ཚོས་ད་དུང་རྩྭ་ཐང་ཐོག་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་བྱེད་སྒོའི་ནང་ཞུགས་མཁན་འབྲོག་པ་ལྔ་བརྒྱ་ནས་དྲུག་བརྒྱའི་བར་ཡོད། རྫ་སྐྱ་གྲོང་ཚོའི་གད་སྙིགས་རིགས་དབྱེའི་ས་ཚིགས་ད་དུང་རིམ་སྤོར་རྒྱ་སྐྱེད་བཏང་ནས་ཟླ་8པའི་ཟླ་མཇུག་གོང་འགྱིག་ཤོག་དང་གད་སྙིགས་མཛོད་ཁང་ཞིག་བསྐྲུན་རྒྱུ་མ་ཟད། ད་དུང་གད་སྙིགས་གཙང་འདྲེན་རླངས་འཁོར་དང་། དབྲག་འཁོར། གྲུག་བྱེད་འཕྲུལ་ཆས། ཐུམ་རྒྱག་འཕྲུལ་ཆས་སོགས་ཀྱི་སྒྲིག་ཆས་ཀྱང་ཉོ་རྒྱུ་རེད”ཅེས་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོ་ཁུལ་ཆུ་དམར་ལེབ་དོ་དམ་ཁྲུའུ་ཡི་ལས་དོན་མི་སྣ་ཀྲང་དབུན་ལེང་གིས་བཤད་པ་རེད།
མིག་སྔའི་བར་ཡུལ་ཤུལ་ཀྲོའུ་ཡིས་རིམ་རྩིས་བྱས་ན་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔེ་སྟོན་གྲོང་ཚོ་38དང་། ལྗང་མདོག་སློབ་གྲྭ་7 ལྗང་མདོག་སྡེ་ཁུལ་1 ཞིང་ཆེན་རིམ་པའི་ཁོར་ཡུག་སློབ་གསོའི་རྟེན་གཞི་2བཅས་བསྐྲུན་ཡོད་པ་རེད། འདི་ལོའི་ཟླ་གཉིས་པར་ཡུལ་ཤུལ་ཀྲོའུ་འདི་ཉིད་སྐྱེ་ཁམས་ཤེས་དཔལ་ལྟ་སྐུལ་ཞིབ་བཤེར་དང་ལྕག་སྐུལ་བྱ་ཡུལ་ས་ཁུལ་དང་གྲོང་ཁྱེར་གྱི་གྲ་སྒྲིག་མིང་ཐོའི་ནང་ཚུད་ཡོད་པ་རེད།