ཀྲུང་གོའི་མཚོ་དམག་གི་སྨན་ཁང་གྲུ་གཟིངས“ཞི་བདེའི་གྲུ་ཆེན་རྟགས་ཅན”ཝ་ནུ་ཨ་ཐུར་འབྱོར་ནས་སྨན་བཅོས་ཞབས་ཞུའི་ལས་དོན་སྤེལ་བ།
ཟླ་8ཚེས་8ཉིན་ཀྲུང་གོའི་མཚོ་དམག་གི་སྨན་ཁང་གྲུ་གཟིངས“ཞི་བདེའི་གྲུ་ཆེན་རྟགས་ཅན”ཝ་ནུ་ཨ་ཐུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཝེ་ལ་གྲུ་ཁར་འབྱོར་བ་དང་། འདི་ནི་ཝ་ནུ་ཨ་ཐུར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་གྲུ་ཁར་ཕེབས་བསུ་ཞུ་བཞིན་པ།
ས་གནས་དེ་གའི་དུས་ཚོད་ཚེས་8ཉིན་གྱི་སྔ་དྲོར“ཞི་མཐུན་གྱི་འགན་འཁྲི-2023”གྱི་ལས་འགན་སྒྲུབ་མཁན་ཀྲུང་གོའི་མཚོ་དམག་གི་སྨན་ཁང་གྲུ་གཟིངས“ཞི་བདེའི་གྲུ་ཆེན་རྟགས་ཅན”ལས་འགན་སྒྲུབ་ཡུལ་ས་ཚིགས་གསུམ་པ་ཝ་ནུ་ཨ་ཐུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཝེ་ལ་གྲུ་ཁར་འབྱོར་ནས་མཛའ་གྲོགས་འཚམས་འདྲི་བྱེད་རྒྱུ་དང་འབྲེལ་དུས་ཡུན་ཉིན་7གྱི་མི་ཆོས་རིང་ལུགས་ཀྱི་སྨན་བཅོས་ཞབས་ཞུ་ཡང་སྤེལ་རྒྱུ་ཡིན་ཞིང་། དེ་ནི“ཞི་བདེའི་གྲུ་ཆེན”ཝ་ནུ་ཨ་ཐུར་འཚམས་འདྲི་བྱེད་ཐེངས་གསུམ་པ་ཡིན་པ་རེད།
སྔ་དྲོའི་ཆུ་ཚོད་10པ་ཡོལ་ཙམ་ལ“ཞི་བདེའི་གྲུ་ཆེན”ཝེ་ལ་གྲུ་ཁའི་གྲུ་ཁ་གཙོ་བོར་འབྱོར་ཞིང་། ཝ་ཕྱོགས་ཀྱིས་གྲུ་ཁར་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་པ་དང་། ཙུང་ལི་ཁར་སཱ་ཁོའོ་སོགས་ཆབ་སྲིད་མི་སྣ་གལ་ཆེན་དང་། ཝ་ནུ་ཨ་ཐུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ། ས་གནས་དེ་གའི་དམངས་ཚོགས་དང་། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། ཝ་ནུ་ཨ་ཐུར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག ཀྲུང་གོའི་མ་འཇོག་ཚན་པའི་འཐུས་ཚབ་སོགས་ཀྱིས་གྲུ་ཁར་ཕེབས་བསུ་ཞུས་པ་རེད།
“ཞི་མཐུན་འགན་འཁྲི-2023”གྱི་ལས་འགན་བཀོད་འདོམས་པ་ཀྲའོ་ཀོང་ཆིང་གིས། ཝ་ནུ་ཨ་ཐུ་ནི་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་གྲོགས་པོ་བཟང་པོ་དང་། རོགས་ཟླ་བཟང་པོ། སྤུན་ཟླ་བཟང་པོ་བཅས་ཡིན་པ་དང“ཞི་བདེའི་གྲུ་ཆེན”གྱིས་ཀྲུང་གོ་མི་དམངས་ཀྱི་མཛའ་གྲོགས་དང་སྨོན་འདུན་བཟང་པོ་ཁྱེར་ནས་འཚམས་འདྲིར་ཐེངས་གསུམ་ཡོང་ཡོད། དཔོན་དམག་ཡོངས་ཀྱིས་མཛའ་གྲོགས་ཀྱི་འཚམས་འདྲི་ཞུ་བ་དང་སྨན་བཅོས་ཞིབ་ཚགས་བྱས་ཏེ་ཝ་ནུ་ཨ་ཐུའི་གྲོགས་པོ་ཚོ་དང་མཉམ་དུ་ཀྲུང་ཝའི་མཛའ་གྲོགས་འགྲོ་འོང་གི་ལེའུ་གསར་པ་ཞིག་རྩོམ་རྒྱུ་ཡིན་ཞེས་བརྗོད་པ་རེད།
ཝ་ནུ་ཨ་ཐུ་ནི་ཞི་བདེ་རྒྱ་མཚོའི་ལྷོ་ནུབ་རྒྱུད་དུ་གནས་ཡོད། ཀྲུང་གོས་ཝ་ནུ་ཨ་ཐུར་སྨན་བཅོས་རོགས་སྐྱོར་བྱས་ནས་ལོ་30ལྷག་ཙམ་སོང་བ་དང་སྔ་རྗེས་སུ་སྨན་དོན་མི་སྣ་220ལྷག་ཙམ་ཁག་ཐེངས་25ལ་བགོས་ནས་ཝ་ནུ་ཨ་ཐུར་ལས་ཀ་བྱེད་པར་མངགས་ཡོད། 2014ལོའི་ཟླ་8པ་དང་2018ལོའི་ཟླ་7པར“ཞི་བདེའི་གྲུ་ཆེན”གྱིས་ཝ་ནུ་ཨ་ཐུར་འཚམས་འདྲི་ཐེངས་གཉིས་བྱས་པ་དང་འབྲེལ་མི་ཆོས་རིང་ལུགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་པར་རིམ་རྩིས་བྱས་ན་མི་ཐེངས་ཁྲི་1.2ལ་སྨན་བཅོས་བྱས་ཡོད་པ་རེད།