རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་ཉིང་ཁྲིའི་ལག་ལེན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།
ཚེས་9ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་ཉིང་ཁྲིའི་ལག་ལེན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཉིང་ཁྲི་གྲོང་ཁྱེར་གྱིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ། བྱ་ཐབས་དང་གཞི་རྟེན་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་ཚད་གཞི་མཐོ་བ་དང་། ཕྱོགས་ཡོངས། རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱས་པ་བརྒྱུད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་བླང་བྱ་དེ་ཕྱོགས་གང་ས་ཅི་ཐད་དུ་དོན་འཁྱོལ་ཏན་ཏིག་བྱས་པ་རེད།
སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་ཐད་ཤུགས་རྒྱག་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་དཔེ་སྟོན་ཁུལ་འཛུགས་གཏོད་བརྟན་བགྲོད་རྒྱང་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཁ་ཕྱོགས་གནད་ལ་འཁེལ་པོས་སྟངས་འཛིན་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་མཐོ་ཚད་ནས་འགོ་བཙུགས་ཏེ“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་འཆང་བ་དང་། “དོན་ཆེན་བཞིར”དམ་པོར་དམིགས་པ། “མདུན་གྲལ་དུ་སླེབས་པ་བཞིར”ཤུགས་རྒྱག་པ་བཅས་བྱས་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་དེ་ཉིང་ཁྲི་གྲོང་ཁྱེར་གྱི་ལྟེ་བའི་ལས་དོན་དང་མཉམ་དུ་ཇུས་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་སྐུལ་འདེད། མཉམ་དུ་དོན་འཁྱོལ་བཅས་བྱས་པ་རེད།
བརྗོད་དོན་གཙོ་བོའི་ནང་དོན་ཟབ་ཏུ་གཏོང་བའི་ཐད་ཤུགས་རྒྱག་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་རིམ་པ་མཐོ་རུ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱས་ནས། ཉིང་ཁྲི་གྲོང་ཁྱེར་གྱིས《ཉིང་ཁྲི་གྲོང་ཁྱེར་གྱི〈བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་འཆར་འགོད(2021ལོ་ནས་2025ལོ་བར)〉ལག་བསྟར་དོན་འཁྱོལ་གྱི་ལག་བསྟར་ཇུས་གཞི》ཞིབ་འཇུག་བྱས་ནས་བཏོན་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཅས་གཏོད་རྒྱུ་དང་གཞི་གཅིག་ཏུ་ལག་ལེན་བསྟར་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་དང་། རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར། རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་བཅས་སྔ་རྗེས་སུ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་རེད།
གཞི་རྟེན་འཛུགས་གཏོད་ཕུན་སུམ་ཚོགས་སུ་གཏོང་བར་ཤུགས་རྒྱག་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་གྱིས《ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི“དགུ་སྐྱོད”ལག་བསྟར་ཇུས་གཞི》དང་དེའི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་དམིགས་ཚད་བཟོས་པ་མ་ཟད། སྤྱི་པའི་ཞབས་འདེགས་ཞུ་ཡུལ་དང་། གཙོ་གནད་ལས་རིགས། སྐར་ཁུང་ཚན་པ། མང་ཚོགས་ཚོགས་པའི་རྩ་འཛུགས། དཔལ་འབྱོར་གྱི་རྩ་འཛུགས་གསར་པ་སོགས་འཛུགས་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས། གསར་གཏོད་ཀྱི་རྣམ་པ་དུས་བསྟུན་འཕེལ་རྒྱས་དང་ཁྱད་ཆོས་མངོན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ཉེ་བའི་ལོ་ཤས་རིང་། ཚན་པ་9རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང(ཆུས)གི་དཔེ་སྟོན་ཚན་པར་བདམས་པ་དང་། ཚན་པ་48རང་སྐྱོང་ལྗོངས་ཀྱི་དཔེ་སྟོན་ཚན་པར་བདམས་པ། གྲོང་ཁྱེར་རིམ་པའི་དཔེ་སྟོན་ཚན་པ་85དང་དཔེ་སྟོན་ཁྱིམ་ཚང་100ལ་མིང་བཏགས་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་མཉམ་སྡེབ་4དང་དཔེ་སྟོན་མི་སྒེར་6ཐོན་པ། རང་སྐྱོང་ལྗོངས་ཀྱི་དཔེ་སྟོན་མཉམ་སྡེབ་117དང་དཔེ་སྟོན་མི་སྒེར་195ཐོན་པ། ཉིང་ཁྲི་གྲོང་ཁྱེར་གྱི་དཔེ་སྟོན་མཉམ་སྡེབ་224དང་དཔེ་སྟོན་མི་སྒེར་365ཐོན་པ་བཅས་རེད།
གསར་གཏོད་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་རྒྱག་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་དཔེ་སྟོན་ཁུལ་འཛུགས་གཏོད་ཐད་མི་ཚང་མས་ཤེས་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱུན་རྣམ་ཅན་གྱི་དྲིལ་བསྒྲགས་སློབ་གསོའི་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས《ཉིང་ཁྲི་གྲོང་ཁྱེར་གྱི་དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་པའི་ལག་བསྟར་ཇུས་གཞི》བཟོས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ལས་བྱེད་པ་དང་། ཏང་ཡོན། རྒྱལ་དམངས་བཅས་ཀྱི་སློབ་གསོའི་མ་ལག་ནང་བཅུག་པ་དང་། ཏང་ཡོན་ལས་བྱེད་པ་དང་། སློབ་མ། གྲྭ་བཙུན། མང་ཚོགས་སོགས་ཚོགས་སྤྱི་མི་འདྲ་བའི་དོན་དངོས་ལ་དམིགས་པ། རང་བྱུང་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་དང་། དུས་ཆེན་དང་དུས་ཚིགས་གལ་ཆེན། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་བཅས་ལ་བརྟེན་ནས་ལོ་3བསྟུད་མར་བོད་གསར་རྙིང་བསྡུར་བ་དང་། དྲ་ཐོག་ནས་ལན་འདེབས་པ། བརྗོད་དོན་གཙོ་བོའི་གཏམ་བཤད་སོགས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་མི་སེམས་སུ་ཟུག་པར་རྒྱུན་མཐུད་སྐུལ་འདེད་བཏང་ཡོད།