ལོ་སྟོད་དུ་རང་ལྗོངས་ཀྱི་ཞབས་ཞུའི་ལས་རིགས་རྒྱུན་མཐུད་སླར་གསོ་ཡག་པོ་བྱུང་བ།
གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་1.07ཟིན་པ།
ལོ་སྟོད་དུ་བོད་ཀྱི་དཔལ་འབྱོར་འཁོར་རྒྱུག་དེ་དུས་ཚིགས་དང་པོར་བསྐྱར་འཕར་བརྟན་པོ་དང་། སྐྱོན་བྲལ་དང་གོ་རིམ་ལྡན་པ། འགོ་ཡག་པོ་འཛུགས་པ་བཅས་བྱུང་བའི་རྨང་གཞིའི་ཐོག་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་མུ་མཐུད་ལེགས་སུ་ཕྱིན་ནས་བརྟན་པོའི་ངང་བསྐྱར་འཕར་དང་བརྟན་པོའི་ངང་ལེགས་སུ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་བརྟན་པོ་ཐེབས་ཡོད་པ་རེད། དེའི་ནང་ཞབས་ཞུའི་ལས་རིགས་མགྱོགས་མྱུར་སླར་གསོ་བྱུང་བ་དང་། ཁེ་ལས་ཀྱི་གཉེར་སྐྱོང་ཕན་འབྲས་རྒྱུན་མཐུད་ལེགས་སུ་སོང་བ་ནི་འདི་ལོའི་ལོ་སྟོད་ཀྱི་དཔལ་འབྱོར་འཕར་བའི་ཁྲོད་ཀྱི་བཀྲག་མདངས་འཚེར་ས་ཞིག་རེད།
ཟླ་དང་པོ་ནས་ལྔ་པའི་བར་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་84.96ཟིན་པ་དེ་དུས་མཚུངས་ལས་10.6%འཕར་བ་དང་འཕར་ཚད་ཟླ་དང་པོ་ནས་བཞི་པའི་བར་ལས་བརྒྱ་ཆའི་གྲངས་2.4མཐོ་རུ་ཕྱིན་ཡོད། ལས་རིགས་ལ་དབྱེ་ནས་བལྟས་ན། རིགས་ཆེ་གྲས་བཅུ“དྲུག་འཕར་བཞི་ཆག”ཡིན་ཞིང་། དེའི་ནང་ལས་རིགས་གསུམ་གྱི་ལས་གཉེར་ཡོང་འབབ་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དེ་དག་རིག་གནས་དང་། ལུས་རྩལ། རོལ་རྩེད་བཅས་ལས་རིགས་དུས་མཚུངས་ལས་32.4%འཕར་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་འཇུག སྦྲག་སྲིད་བཅས་ལས་རིགས་དུས་མཚུངས་ལས་33.1%འཕར་བ། འཕྲོད་བསྟེན་དང་སྤྱི་ཚོགས་ལས་དོན་དུས་མཚུངས་ལས་15.9%འཕར་བ་བཅས་རེད།
གཉེར་སྐྱོང་གི་ཕན་འབྲས་ནས་བལྟས་ན། གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་1.07ཟིན་ནས་གུན་གསབ་ཁེ་སྒྱུར་བྱུང་བ་དང་ཁེ་སྤོགས་ཁེ་ལས་109ཐོན་ནས་ཁེ་སྤོགས་52.4%ཟིན་ཡོད། ཁྲལ་བསྡུའི་ཐད་ནས་བལྟས་ན། གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱིས་འཇལ་དགོས་པའི་གནས་ཐང་འཕར་ཁྲལ་སྒོར་དུང་ཕྱུར་2.80ཟིན་ཏེ་124.0%འཕར་ནས་ཁྲལ་བསྡུའི་ལེགས་སྐྱེས་འབུལ་ཤུགས་ཆེ་རུ་ཕྱིན་ཡོད། ལས་བཟོའི་གླ་ཕོགས་ལ་བལྟས་ན། གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱིས་སྤྲོད་དགོས་པའི་ལས་བཟོའི་གླ་ཕོགས་2.8%འཕར་ནས་མི་རེར་ཟླ་རེར་ཆ་སྙོམས་གླ་ཕོགས་3.7%འཕར་ཡོད་པ་རེད།
ཟླ་དང་པོ་ནས་ལྔ་པའི་བར་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་འཇུག སྦྲག་སྲིད་བཅས་ལས་རིགས་ཀྱི་གཉེར་སྐྱོང་ཡོང་འབབ་དུས་མཚུངས་ལས་33.1%འཕར་ནས་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་བརྒྱ་ཆའི་གྲངས་9.5འཕར་རྒྱུར་སྐུལ་ཁྲིད་བྱས་པ་དང་། ཆ་འཕྲིན་བརྒྱུད་གཏོང་དང་། མཉེན་ཆས། ཆ་འཕྲིན་ལག་རྩལ་བཅས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་དུས་མཚུངས་ལས་7.7%འཕར་ནས་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་བརྒྱ་ཆའི་གྲངས་2.9འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་རེད།
ཞབས་ཞུའི་ལས་རིགས་གསར་གཏོད་དང་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་ནས་ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་འཕེལ་རྒྱས་ཅུང་མགྱོགས་པོ་བྱུང་ཞིང་། དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་ཅུང་མགྱོགས་སུ་ཕྱིན་ནས་དྲ་ཐོག་སིལ་ཚོང་དང་ཐད་གཏོང་ཟོག་ཚོང་སོགས་ཞབས་ཞུའི་རྣམ་པ་གསར་པ་མགྱོགས་མྱུར་འཕར་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་ཁྲོམ་རའི་སྔོན་དཔག་ལ་བལྟས་ན། དུས་ཚིགས་གཉིས་པའི་ཐོན་སྐྱེད་རྣམ་པར་བརྟག་དཔྱད་བྱེད་ཚུལ་གྱི་རེའུ་མིག་ལ་གཞིགས་ན། ཁེ་ལས་ཀྱིས་དུས་ཚིགས་རྗེས་མའི་གཉེར་སྐྱོང་གི་གནས་ཚུལ་ལ་སྔོན་དཔག་བྱས་པར། “ལེགས་པའི”བསྡུར་ཚད་ནི་31.0%དང་། “མི་ལེགས་པའི”བསྡུར་ཚད་ནི་13.8%ཡིན་པ་རེད།