ཕྱི་འབྲེལ་པུའི་མགྲིན་ཚབ་པས།
ཨ་རིའི་རྒྱལ་དོན་ཁང་གིས་རེན་ཨའེ་མཚོ་གླེའི་གནད་དོན་སྐོར་ལ་གསལ་བསྒྲགས་སྤེལ་བའི་ཐད་ཀྱི་གསར་འགོད་པའི་དྲི་བར་ལན་བརྒྱབ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རིའི་རྒྱལ་དོན་ཁང་གིས་རེན་ཨའེ་མཚོ་གླེའི་གནད་དོན་སྐོར་ལ་གསལ་བསྒྲགས་སྤེལ་བའི་ཐད་ཀྱི་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད།
གསར་འགོད་པས། ཉེ་ཆར་ཨ་རིའི་རྒྱལ་དོན་ཁང་གིས་གསལ་བསྒྲགས་སྤེལ་ཏེ། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་ཀྱི་རེན་ཨའེ་མཚོ་གླེར“གྲུ་གཟིངས་བྱེ་ཟུག”གི་དམག་གྲུར་ལས་རེས་མི་སྣ་དང་དངོས་ཟོག་དབོར་འདྲེན་བྱེད་མཁན་གྲུ་གཟིངས་བཀག་པ་མ་ཟད། ད་དུང་ཆུ་སྒྱོགས་ཀྱང་བརྒྱབ་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ལས་འགལ་བ་དང་། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་འཇིགས་སྣང་བཟོས་པ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ལ་ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིའི་བཀའ་བཅད་ལ་བརྩི་སྲུང་ཞུ་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་དང་། ཨ་རི་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་ཀྱི“ཁྲིམས་མཐུན་གྱི་རྒྱ་མཚོའི་བྱེད་སྒོར”རྒྱབ་སྐྱོར་བྱ་རྒྱུ་ཡིན། ཧྥི་ལི་ཕིན་གྱི་མཚོ་ཐོག་ཉེན་རྟོག་པར་དྲག་པོའི་ཚུར་རྒོལ་བྱས་པ་ལས《ཨ་རི་དང་ཧྥི་ལི་ཕིན་གྱི་ཐུན་མོང་འགོག་སྲུང་ཆིངས་ཡིག》ལ་ཕོག་ཐུག་ཐེབས་རྒྱུ་རེད་ཅེས་བརྗོད་འདུག ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
མགྲིན་ཚབ་པས་བརྗོད་དོན། རེན་ཨའེ་མཚོ་གླེ་ནི་སྔར་ནས་བཟུང་ཀྲུང་གོའི་ནན་ཧྲ་གླིང་ཚོམ་གྱི་ཆ་ཤས་ཤིག་ཡིན། རེན་ཨའེ་མཚོ་གླེའི་གནད་དོན་གྱི་ལོ་རྒྱུས་ནི་ཧ་ཅང་གསལ་པོ་ཡིན་པ་སྟེ། 1999ལོར་ཧྥི་ལི་ཕིན་གྱིས་དམག་གྲུ་ཞིག་རེན་ཨའེ་མཚོ་གླེའི་ཐོག་ཁྲིམས་དང་མི་མཐུན་པར“གྲུ་གཟིངས་བྱེ་ཟུག”བྱས་པ་བཟོས་ཏེ། རེན་ཨའེ་མཚོ་གླེའི་ད་ཡོད་གནས་ཚུལ་ལ་འགྱུར་ལྡོག་གཏོང་རྒྱུའི་རེ་ངན་བཅངས་པར། ཀྲུང་གོ་ཕྱོགས་ཀྱིས་འཕྲལ་མར་དྲང་ནན་གྱི་འབྲེལ་གཏུག་བྱས་ནས་ཧྥི་ལི་ཕིན་ཕྱོགས་ལ་དམག་གྲུ་དེ་རང་ཁོངས་སུ་ཕར་འདྲུད་རྒྱུའི་བླང་བྱ་བཏོན་ཡོད། ཧྥི་ལི་ཕིན་ཕྱོགས་ནས་དམག་གྲུ་དེ་རང་ཁོངས་སུ་ཕར་འདྲུད་རྒྱུའི་ཁས་ལེན་ཐེངས་མང་བྱས་ནའང་ད་བར་ཁ་བཤད་ལག་ལེན་བྱས་མེད། དེས་མ་ཚད་ཧྥི་ལི་ཕིན་ཕྱོགས་ནས་དམག་གྲུ་དེ་གཞི་ཁྱོན་ཆེན་པོས་ཉམས་གསོ་བྱས་ནས་རེན་ཨའེ་མཚོ་གླེ་ནམ་ཡང་བཟུང་རྩིས་བྱས་ཡོད། ཟླ་8ཚེས་5ཉིན་ཧྥི་ལི་ཕིན་གྱིས་ཀྲུང་གོ་ཕྱོགས་ཀྱི་བཀག་སྡོམ་བསླབ་བྱ་ཐེངས་མང་དང་ཐ་ཚིག་ཡང་ཡང་བསྒྲགས་པར་མི་བལྟོས་པར། གྲུ་གཟིངས་གཉིས་རེན་ཨའེ་མཚོ་གླེའི་མཚོ་ཁོངས་སུ་རང་དགར་འཛུལ་ནས་ཁྲིམས་དང་མི་མཐུན་པར“གྲུ་གཟིངས་བྱེ་ཟུག”གི་དམག་གྲུར་གཞི་ཁྱོན་ཆེན་པོས་ཉམས་གསོ་བྱེད་པའི་འཛུགས་སྐྲུན་དངོས་རྫས་སྐྱེལ་འདྲེན་བྱ་རྩིས་བྱས་ཡོད། ཧྥི་ལི་ཕིན་ཕྱོགས་ཀྱི་བྱ་སྤྱོད་དེས་ཀྲུང་གོ་ཕྱོགས་ཀྱི་བདག་དབང་ལ་བཙན་གནོད་བྱས་པ་དང《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ》ལས་འགལ་ཡོད། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གྲུ་གཟིངས་ཀྱིས་ཁྲིམས་ལྟར་བཀག་འགོག་བྱས་པ་དང་འབྲེལ། ཉེན་ཟོན་རང་བཞིན་གྱི་ཁྲིམས་སྒྱུར་བྱ་ཐབས་སྤྱད་པ་དེ་ཆེད་ལས་རང་བཞིན་དང་བཟོད་སྒོམ་བྱས་པ་ཞིག་ཡིན་པས་ལབ་གླེང་གང་ཡང་མེད།
མགྲིན་ཚབ་པས་བརྗོད་དོན། ཨ་རིའི་རྒྱལ་དོན་ཁང་གིས་དོན་དངོས་སྣང་མེད་དུ་བཏང་ནས་གསལ་བསྒྲགས་སྤེལ་ཏེ། ཀྲུང་གོ་ཕྱོགས་ཀྱི་ལུགས་མཐུན་དང་ཁྲིམས་མཐུན་གྱི་མཚོ་ཐོག་ཁེ་དབང་སྲུང་སྐྱོང་གི་ཁྲིམས་འཛིན་བྱ་སྤྱོད་ལ་ཚིག་མཚོན་བཏབ་ཅིང་། ཧྥི་ལི་ཕིན་ཕྱོགས་ཀྱི་ཁྲིམས་དང་མི་མཐུན་པའི་འཁྲུག་སློང་བྱེད་སྤྱོད་ལ་རྒྱབ་རྩ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། དུས་མཚམས་ཤིག་རིང་ཨ་རིས་རེན་ཨའེ་མཚོ་གླེར“གྲུ་གཟིངས་བྱེ་ཟུག”གི་དམག་གྲུ་ཉམས་གསོ་བྱ་རྒྱུའི་ངན་སྐུལ་དང་རྒྱབ་སྐྱོར་བྱས་པ་དང་། གནམ་གྲུ་དང་དམག་གྲུ་བཏང་སྟེ་མཚོ་ཐོག་ནས་ཧྥི་ལི་ཕིན་ལ་གཞོགས་འདེགས་དང་རྒྱབ་སྐྱོར་བྱས་པ་མ་ཟད། ད་དུང་འགྲིག་མ་འགྲིག་བྱུང་མ་ཐག《ཨ་རི་དང་ཧྥི་ལི་ཕིན་གྱི་ཐུན་མོང་འགོག་སྲུང་ཆིངས་ཡིག》ལག་ལེན་བསྟར་གྱི་ཡིན་ཞེས་ཀྲུང་གོ་ཕྱོགས་ལ་འཇིགས་སྣང་ཡང་སྐུལ་གྱི་ཡོད། ཨ་རི་ཕྱོགས་ཀྱི་བྱེད་སྟངས་དེ་ནི་ཧྥི་ལི་ཕིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་བདག་དབང་ལ་བཙན་གནོད་བྱེད་པར་མངོན་སུམ་འཛེམ་མེད་ངང་རྒྱབ་སྐྱོར་བྱེད་པ་ཞིག་རེད། ཁོ་པ་ཚོའི་ལྐོག་གཡོ་དེ་དུས་ནམ་ཡང་གྲུབ་མི་སྲིད།
མགྲིན་ཚབ་པས། ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞི་ནི་ཨ་རིས་ལྐོག་ཏུ་གཡོ་རྩེད་རྩེ་བ་དང་བཅའ་ཁྲིམས་ལ་ཁ་གཡར་ནས་སྤེལ་བའི་ཆབ་སྲིད་ཀྱི་ཟིང་སློང་བྱེད་སྤྱོད་ཅིག་རེད། ཁོ་པ་ཚོས་ཟེར་བའི་བཀའ་བཅད་ནི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས》ཚུད་པའི་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བ་ཞིག་རེད་ལ། ཁྲིམས་དང་མི་མཐུན་པ་དང་གོ་མི་ཆོད་པ་ཞིག་ཀྱང་རེད། ཨ་རི་ཕྱོགས་ཀྱིས་ཁྲིམས་དང་མི་མཐུན་པའི་བཀའ་བཅད་ལ་ཁ་གཡར་ནས་འཁྲུག་རྐྱེན་སློང་བ་དེས། ཁྲིམས་ལྟར་རང་ངོས་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་བྱེད་པའི་ཀྲུང་གོ་ཕྱོགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་འདོད་བློར་ཤུགས་རྐྱེན་ཐེབས་མི་སྲིད། ང་ཚོས་ཨ་རི་ཕྱོགས་ལ་ལྷོ་རྒྱ་མཚོའི་གནད་དོན་ལ་ཁ་གཡར་ནས་ཕར་དཀྲུག་ཚུར་དཀྲུག་བྱེད་པ་དང་རྩོད་རྙོག་སློང་མཚམས་བཞག་སྟེ། ཀྲུང་གོ་ཕྱོགས་ཀྱི་ལྷོ་རྒྱ་མཚོའི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་བརྩི་འཇོག་ཏན་ཏིག་དང་། ས་ཁུལ་གྱི་རྒྱལ་ཁབ་ཀྱིས་ལྷོ་རྒྱ་མཚོའི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་ཆེད་འབད་བརྩོན་བྱས་པར་བརྩི་འཇོག་བྱ་རྒྱུའི་སྐུལ་འདེབས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།