དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱི་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་མུ་མཐུད་ལེགས་སུ་ཕྱིན་ནས་8.4%འཕར་བ།

    རང་ལྗོངས་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་ལ་བརྟག་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-10

    འདི་ལོའི་ལོ་སྟོད་དུ་བོད་ཀྱི་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་མུ་མཐུད་ལེགས་སུ་ཕྱིན་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1069.60ཟིན་པ་དུས་མཚུངས་ལས་8.4%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་2.9ཡིས་མཐོ་བ་ཡོད་པས་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་542.44བཏང་བ་དུས་མཚུངས་ལས་28.4%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་24.9ཡིས་མཐོ་བ་ཡོད་པས་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་པ། ཞིང་འབྲོག་ལས་ཐོན་སྐྱེད་བརྟན་པོ་དང་། བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་བ། ཞབས་འདེགས་ལས་རིགས་མགྱོགས་མྱུར་སླར་གསོ་བྱུང་བ། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་། རྒྱུན་མཐུད་ལེགས་སུ་ཕྱིན་པ། སྔོན་དཔག་དང་མཐུན་པ་བཅས་བྱུང་ཡོད།

    ཐང་རྒོད་སྔོ་ལྗང་རི་བོར་འགྱུར་བ།

    རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ཡུལ་ཕྱོགས་གཅིག་ལ་ཕན་པ་སྐྲུན་པའི་དམངས་འཚོའི་འདུ་འགོད་ཅིག་དེ་བས་རེད།

    ལྷོ་རི་བྱང་རིའི་ནགས་བཟོའི་ཁུལ་སྔོ་ཐིང་ཐིང་དུ་གྱུར་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཏེ་མཐའ་འཁོར་གྱི་སྐྱ་ཐེར་ཐེར་དུ་གནས་པའི་རི་བོ་དང་ཁྱད་པར་མངོན་གསལ་དོད་པོ་ཡོད་པ་རེད།

    སྟག་རྩེ་ཆུས་འབྲོམ་ཐོད་ཤང་གེ་རེ་གྲོང་ཚོར་གནས་པའི་ནགས་བཟོའི་ཁུལ་དང་པོར་གསོམ་སྡོང་དང་། རི་ཁམ། མདོ་ལའི་ཤུག་པ་སོགས་ཤིང་རིགས་མང་པོ་ལས་གྲུབ་པའི་ནགས་ཚལ་དུ་སྡོང་ཕྲུག་གསར་པ་མང་པོ་སྐྱེས་ནས་གཞི་ཁྱོན་ལྡན་པར་གྱུར་ཡོད། བདག་སྐྱོང་བ་ལ་ལས་ཡལ་བཞུར་རྒྱག་པ་དང་། ལ་ལས་ས་དོང་ལ་ཆུ་རྒྱག་པ། ལ་ལས་ལུད་གཏོར་བ་སོགས་སྔོ་ལྗང་གི་གཞི་ཁྱོན་ཇེ་ཆེར་གཏོང་བའི་ལས་ལ་བྲེལ་བཞིན་ཡོད།

    “སྡོང་ཕྲུག་སྣ་ཁ་གང་དག་ཡོད་དམ” “ཤིང་སོན་འཛུགས་པའི་ཚད་གཞི་གང་ཡིན་ནམ” “ཆུ་དང་། གློག མདོང་ལམ། དྲ་བ་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་ལ་འཕེལ་རིམ་གང་འདྲ་བྱུང་ཡོད་དམ” “དུས་མཇུག་ཏུ་བདག་སྐྱོང་གི་ཇུས་གཞི་ལེགས་སུ་ཇི་ལྟར་གཏོང་རྩིས་ཡོད་དམ”སོགས་ཡུག་ཁུལ་དུ་སླེབས་མ་ཐག་བརྟག་ཞིབ་ཚོགས་ཆུང་ཤིང་འཛུགས་ནགས་གསོའི་ཁུལ་དུ་ཐད་ཀར་བསྐྱོད་དེ་ཆེད་ལས་ཀྱི་སྐད་ཆ་མང་པོ་དྲིས་པ་ཚང་མར་ཡུག་ཁུལ་གྱི་བདག་སྐྱོང་བས་ལན་རེ་རེ་བཞིན་བརྒྱབ་པ་རེད།

    ལྗོན་གསེབ་ཏུ་སྐྱོད་སྐབས་བརྟག་ཞིབ་ཚོགས་ཆུང་གིས་དེ་གར་ས་བབ་མཐོ་ཚད་སྨི་3700ནས་4200བར་ཡོད་པས་ལྗོན་ཤིང་སྐྱེ་འཚར་གྱི་ལེགས་ཆ་ལྡན་མེད་མོད། འོན་ཀྱང་སྡོང་ཕྲུག་སྐྱེ་འཚར་ཡག་པོ་ཡོད་པ་དེའི་རྒྱུ་རྐྱེན་གང་ཡིན་ནམ་སྙམ་པ་བདག་སྐྱོང་བས་ཤེས་ཏེ་ཚང་མ་སྤྱི་ལེ་ཁ་ཤས་ཀྱི་སར་ཡོད་པའི་2022ལོའི་ནགས་གསོའི་ས་ཚིགས་འབྲོམ་ཐོད་གྲོང་ཚོའི་ཡུག་ཁུལ་ཨང་7པར་ཁྲིད།

    “འདི་གང་རེད་དམ”བརྟག་ཞིབ་ཚོགས་ཆུང་འབྲོམ་ཐོད་གྲོང་ཚོའི་ཡུག་ཁུལ་7པར་སྐྱོད་སྐབས་དེ་གར་ནགས་བཟོ་གསར་པ་བྱས་པ་དང་འདྲ་པོ་མེད་པ་ཤེས་རྟོགས་བྱུང་བ་སྟེ། སྡོང་ཕྲུག་ཚང་མའི་རྩ་བ་དངུལ་མདོག་གི་འགྱིག་ཤོག་གིས་བཏུམས་ཡོད་པ་རེད།

    “ཚང་མ་གཟིགས་དང་། གསོམ་སྡོང་དེ་སྐམ་གྲབས་ཡོད་མོད། འོན་ཀྱང་ད་ཆ་མྱུ་གུ་གསར་པ་ཐོན་ནས་མི་རིང་བར་མྱུ་གུ་རྒྱས་ཀྱི་རེད”ཡུག་ཁུལ་གྱི་ལྟ་སྐུལ་དོ་དམ་པ་ཀྲའོ་ཡིའུ་ཡིས་བྱང་ཆུབ་པོས་གསོམ་ཤིང་གི་ལོ་མ་གསར་པ་ཞིག་ལ་འཇུས་ཏེ“དེ་ལས‘ཆུ་བསྡུའི་སྡེར་མ’ཡིས་ནུས་པ་ཐོན་གྱི་ཡོད་པ་གསལ་བཤད་བྱེད་ཐུབ”ཅེས་བཤད།

    ལག་རྩལ་པ་ཆི་ཕུང་ཧྥེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཆུ་བསྡུའི་སྡེར་མ་ནི“མཐོ་གྲང་ཐན་ཞོད་ཁུལ་དུ་ཞིང་ཆུ་གྲོན་ཆུང་གི་ཤིང་འཛུགས་ཉེར་སྤྱོད་ལག་རྩལ”གྱི་ཚན་རྩལ་གྲུབ་འབྲས་ཀྱི་སྒྲིག་ཆས་གྲས་ཤིག་ཡིན་པ་དང་། དེར་ཆུ་གྲོན་ཆུང་དང་། ཉིན་མཚན་གྱི་དྲོད་ཚད་ཧེ་བག་སྙོམས་སྒྲིག འོད་སྦྱོར་གྱི་ནུས་པ་ཤུགས་ཆེར་འགྲོ་བ་སོགས་ཀྱི་ནུས་པ་ལྡན་ཡོད། སྡེར་མ་དེའི་དབྱིབས་དཀྱིལ་དམའ་ཞིང་མཐའ་བཞི་མཐོ་བ་ཞིག་ཡོད། དེའི་དཀྱིལ་དུ་སྒོར་དབྱིབས་ཀྱི་ཆུ་བསྡུའི་དབུགས་རྔུབ་ཁུང་བུ་ཞིག་ཡོད་པ་དེས་སྡོང་ཕྲུག་གི་རྩ་བ་བཏུམས་ཡོད་པ་དང་སྡོང་ཕྲུག་གི་ཆེ་ཆུང་ལ་གཞིགས་ནས་སྡེར་མ་ཆེ་ཆུང་མི་འདྲ་བ་བཟོ་ཆོག་གི་ཡོད། སྡེར་མའི་ནང་མཐའ་བཞི་ནས་དཀྱིལ་དུ་འཐེན་པའི་ཤུར་ཤུར་མང་པོ་ཡོད་པ་དེ་དག་ནས་ཆུ་སྡོང་ཕྲུག་གི་རྩ་བར་སིམ་འགྲོ་གི་ཡོད།

    ན་ནིང་ཟླ་6པར་ཐན་པ་བསྟན་ནས་ཆུ་མཁོ་འདོན་མི་ཐུབ་པའི་དབང་གིས་ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སིས་སྒྲིག་ཆས་དེ་སྔོན་ལ་ནང་འདྲེན་བྱས་པས་སྡོང་ཕྲུག་སྐམ་ཚད་ཉུང་དུ་ཕྱིན་ཡོད། ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སིའི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ལས་ཡུལ་དངོས་ཀྱི་འགན་འཁུར་བ་དབྱང་ཁྲེང་གིས་བསྡུར་བ་བཏང་བ་སྟེ། “ཆུ་བསྡུའི་སྡེར་མ་སྒྲིག་སྦྱོར་མ་བྱས་གོང་ཟླ་ཕྱེད་ནང་ཆུ་ཐེངས་རེ་རྒྱག་དགོས་པ་དང་། དེ་སྒྲིག་སྦྱོར་བྱས་རྗེས་ཟླ་བ་གཅིག་ནས་གཉིས་བར་ཆུ་ཐེངས་རེ་བརྒྱབ་ན་འགྲིག་གི་ཡོད་པས་ཆུ་གྲོན་ཆུང་ཐུབ་པ་མ་ཟད། ད་དུང་དོ་དམ་སྲུང་སྐྱོང་གི་མ་གནས་ཀྱང་གྲོན་ཆུང་ཐུབ་ཡོད”ཅེས་བཤད།

    རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་བྲིན་ཁ་རྒྱུག་པ།

    ཟླ་7ཚེས་13ཉིན་ལྷ་སའི་དབྱར་དུས་ཀྱི་བསིལ་རླུང་དང་ཆར་ཟིམ་ཁྲོད་བརྟག་ཞིབ་ཚོགས་ཆུང་དང་བཅས་པ“སྤང་རྒྱན་མེ་ཏོག”བོད་རུམ་ཚོང་ཁང་ཞིག་ཏུ་བསྐྱོད། སྒོ་འཛུལ་མ་ཐག་གྱང་ལྡེབས་སུ་བཀལ་བའི་སྤུས་ཀ་དག་པའི་འགེལ་རུམ་དེས་ཚང་མའི་ཡིད་དབང་འཕྲོག ལྷག་པར་དུ་སྐས་སྒོའི་ཐོག་ཡོད་པའི་བོད་རིགས་བུད་མེད་ཚོས་འཐག་པའི་འགེལ་རུམ་གསོན་ཉམས་ཤིན་ཏུ་དོད་པས་ཧང་སངས་དགོས་པ་ཞིག་ཡོད།

    འགེལ་རུམ་དེ་དག་ཚང་མ་འདི་ལོ་འཐག་པའི་ཐོན་རྫས་གསར་པ་ཤ་སྟག་ཡིན་པས་རྒྱུ་ཆ་དང་ལག་ཤེས་གཉིས་ཀ་ལྷད་མེད་པ་ཞིག་ཡིན་སྟབས་བྲིན་ཁ་རྒྱུག་པོ་འདུག”ཅེས་སྦྱིན་བདག་གཞོན་ནུ་མ་ཚེ་རིང་ཆོས་སྒྲོན་གྱིས་ངོ་སྤྲོད་བྱས།

    ཁྲེང་ཀོན་ཆུས་གླིང་སྐོར་ཤར་ལམ་གྱི་ལྷོ་མཚམས་སུ་གནས་པའི་བོད་རུམ་ཚོང་ཁང་དེ་ནི་བོད་ལྗོངས་སྤང་རྒྱན་མེ་ཏོག་བཟོ་ཚོང་ཚད་ཡོད་ཀུང་སིས་ལྷ་སར་བཙུགས་པའི་ཚོང་ཁང་དྲུག་པ་དེ་ཡིན་པ་དང་ཚོང་ཁང་དེ་ཐོག་སོ་གསུམ་ལྡན་གྱི་བར་མཐོངས་ཀྱི་བོད་རུམ་སྒྱུ་རྩལ་འགྲེམས་ཁང་ཞིག་ཏུ་བསྐྲུན་ནས་སྤུས་ཀ་ལེགས་པའི་ཐོན་རྫས་དང་རྩེར་སོན་གྱི་རིག་གནས་གསར་གཏོད་ཐོན་རྫས་ཀྱི་ཐབས་ལམ་བཏོད་དེ་གཙོ་བོ་ལྗོངས་ཕྱི་ནང་གི་ཡུལ་སྐོར་ཁྲོམ་རར་ཕྱོགས་ཡོད་པ་རེད།

    “ཁ་གདན་དེ་ལྗོངས་ནང་ཁུལ་དུ་བྲིན་ཁ་རྒྱུག་པོ་ཡོད་པས་ལྷ་ས་ཁོ་ནར་ཐོབ་སྐལ་བཅུ་ཆ་བདུན་ཙམ་ཟིན་གྱི་ཡོད། ཡུལ་སྐོར་བས་འགེལ་རུམ་དེ་རིགས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་སྟབས་མངགས་ཐོ་ཡང་མང་པོ་ཡོད”ཅེས་ཚོང་པ་ཚེ་རིང་ནོར་བུས་ཚོང་ཁང་གི་བྲིན་ཚོང་སྐོར་བྱང་ཆུབ་པོས་ངོ་སྤྲོད་བྱས།

    འགྲེམས་ཁང་ལ་ལྟ་སྐོར་བྱས་པ་དང་འགྲེལ་བཤད་ཉན་རྗེས། བརྟག་ཞིབ་ཚོགས་ཆུང་གིས་བོད་རུམ་ཇི་ལྟར་འཐག་པར་ལྟ་བར་འགྲོ་རྒྱུའི་ཐག་བཅད་ནས་རླངས་འཁོར་བཏང་སྟེ་བར་ཐག་སྤྱི་ལེ་30ཡོད་པའི་ཆུ་ཤུར་རྫོང་མཉེས་ཐང་ཤང་བཟོ་ལས་གླིང་གི“སྤང་རྒྱན་མེ་ཏོག”བཟོ་ཁང་དུ་བསྐྱོད། རྒྱ་ཁྱོན་མུའུ་300ལྷག་ཙམ་ཡོད་པའི་བོད་རུམ་ལས་སྣོན་བཟོ་ཁང་དེ་གཙོ་བོ་བལ་འཁྲུད་འཁོར་ཁང་གཅིག་དང་། བོད་རུམ་འཁོར་ཁང་གཅིག བོད་རུམ་འགྲེམས་ཁང་གཉིས། བལ་མཛོད་ཁང་གསུམ་བཅས་ལས་གྲུབ་པ་ཞིག་རེད།

    བོད་རུམ་འཁོར་ཁང་དུ་བཟོ་པ་བཅུ་གྲངས་ཁ་ཤས་ལས་བྲེལ་གྱིས་ཁེངས་ཤིང་། ཁོང་ཚོས་བདེ་ལྕག་འཁྱུག་པའི་ལག་གཉིས་ལ་བརྟེན་ནས་ཚོན་མདོག་སྣ་ཚོགས་ཀྱི་བལ་སྐུད་སྤྱད་དེ་ཁ་གདན་དང་། འགེལ་རུམ། བཙུགས་ཕྲུག ས་གདན་སོགས་འཐག་གི་ཡོད།

    “སྤང་རྒྱན་མེ་ཏོག”ནི་གཞིས་རྩེའི་ཚོང་པ་ཚེ་བརྟན་གྱིས་2004ལོར་བཏོད་པའི་བོད་རུམ་གྱི་ཚོང་རྟགས་ཤིག་ཡིན་པ་དང་། ཀུང་སིས་ཐོན་སྐྱེད་བྱས་པའི་བོད་རུམ་གྱི་རྒྱུ་ཆ་འདེམས་པར་དང་དོད་ཆེན་པོ་བྱེད་པ་དང་མངའ་རིས་དང་ནག་ཆུ་སོགས་ནས་ཐོན་པའི་བལ་གྱི་རྒྱུ་ཆ་གཙོ་བོར་བྱེད་ཀྱི་ཡོད།

    “བཟོ་རྩལ་རྙོག་འཛིང་ཆེ་ཙམ་ཡོད”བཟོ་ཁང་གི་དོ་དམ་པ་སྤེན་པ་ཚེ་རིང་གིས“ང་ཚོས་ནེ་པ་ལའི་རུམ་འཐག་ལག་རྩལ་གཙོ་བོར་བྱེད་པ་དང་ཨེ་ཤེ་ཡ་དབུས་མ་དང་། རྒྱ་གར། བོད་རང་གི་བཟོ་རྩལ་གྱི་ལེགས་ཆ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་རྟོག་ཞིབ་གང་ལེགས་བྱས་པས་ཐོན་རྫས་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་བྲིན་ཁ་རྒྱུག་པོ་ཡོད”ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ལ་གཞིགས་ཏེ་སྲོལ་རྒྱུན་གྱི་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ས་མཐོའི་གཡོས་སྦྱོར་ཡོ་བྱད་དང་། རང་བྱུང་འཐུང་ཆུ། ཀོ་བལ་འཁེལ་འཐག ཀྲུང་ལུགས་དང་བོད་ལུགས་སྨན་རྫས་སོགས་མཚོན་བྱེད་དུ་བྱེད་པའི་ཡང་བའི་བཟོ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཐོབ་སྟེ་རིག་གནས་ཡུལ་སྐོར་གྱི་ཐོན་ལས་ཕྱོགས་སུ་གོམ་སྟབས་ཆེན་པོས་སྐྱོད་བཞིན་ཡོད།

    བོད་ལྗོངས་སྤང་རྒྱན་མེ་ཏོག་བཟོ་ཚོང་ཚད་ཡོད་ཀུང་སིས་རང་སྐྱོང་ལྗོངས་ཀྱི་འབོད་སྐུལ་ལ་དང་ལེན་ཧུར་ཐག་ཞུས་ནས། ཡུལ་སྐོར་ཁྲོམ་ར་དང་འཚམ་པའི“ཆུང་ལ་སྤུས་ཀ་དག་པའི”རིག་གནས་བསམ་བཀོད་ཐོན་རྫས་དུས་ཐོག་ཏུ་བཏོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀུང་སིས་བོད་རུམ་དང་། ཁ་བཏགས། བལ་བཅས་ལས་སྣོན་དང་ཕྱིར་ཚོང་གཙོ་བོར་བྱེད་པ་དང་བོད་རུམ་ཁོ་ནའི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་2000ལྷག་ཙམ་ཟིན་གྱི་ཡོད།

    བརྟག་ཞིབ་ཚོགས་ཆུང་འཚམས་འདྲིར་སླེབས་སྐབས་ཚེ་སྐྱིད་ཀྱིས་འགེལ་རུམ་ཞིག་འཐག་བཞིན་ཡོད། ལྷུན་གྲུབ་རྫོང་དུ་སྡོད་པའི་ཚེ་སྐྱིད་ཀྱིས་དགེ་རྒན་གྱི་ས་ནས་བོད་རུམ་འཐག་སྟངས་སྦྱངས་པ་དང་དེ་སྔ་ལྷ་སའི་རུམ་ཁང་ཞིག་ཏུ་ལས་ཀ་བྱེད་མྱོང་ཡོད། 2004ལོར་བོད་ལྗོངས་སྤང་རྒྱན་མེ་ཏོག་བཟོ་ཚོང་ཚད་ཡོད་ཀུང་སི་བཙུགས་རྗེས་ཁོང་དེར་ལས་ཀར་ཞུགས་ནས“ལས་མི་རྙིང་པ”ཞིག་ཏུ་གྱུར།

    “མ་མཐའི་གླ་ཕོགས་སྒོར་4500ཟིན་པའི་ཁར་ལས་རྗེས་གླ་ཕོགས་ཡོད་པ་མ་ཟད། བཟའ་སྡོད་གཉིས་ཀ་མཁོ་འདོན་བྱེད་ཀྱི་ཡོད་པས་ཧ་ཅང་ཡག་པོ་འདུག”ཅེས་ལས་ཀ་དེར་ལོ་20ཙམ་གཞོལ་བའི་སྐོར་གླེང་སྐབས་ཚེ་སྐྱིད་ཀྱིས་དགའ་སྤྲོའི་ངང་བཤད།

    ལྗང་མདོག་གི་ནུས་རྒྱུ་གཙང་མ།

    ཟླ་7ཚེས་19ཉིན་བརྟག་ཞིབ་ཚོགས་ཆུང་ལྷ་ས་ནས་ཐོན་ཏེ་རླངས་འཁོར་བཏང་ནས་ཆུ་ཚོད་4ཙམ་བསྐྱོད་རྗེས་ས་བབ་མཐོ་ཚད་སྨི་5100ཟིན་པའི་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་གྲི་གུའི་ཁ་འགྲེམས་རྣམ་པའི་རླུང་གློག་རྣམ་གྲངས་ས་ཚིགས་སུ་འབྱོར་ཏེ་ནུས་རྒྱུ་གཙང་མ་འཛུགས་སྐྲུན་གྱི་གནས་ཚུལ་ཤེས་རྟོགས་བྱས་པ་རེད།

    “ཉེ་ཆར་ང་ཚོས་དུས་ཐེངས་དང་པོའི་རླུང་གློག་རྣམ་གྲངས་ལ་སྐོར་ཞིབ་བྱེད་པ་དང་དུས་ཐེངས་གཉིས་པའི་རླུང་གློག་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད”ཅེས་འབྲི་ཆུའི་འགག་གསུམ་བོད་ལྗོངས་ལྷོ་ཁ་མཚོ་སྨད་རླུང་གློག་འཛུགས་སྐྲུན་རྣམ་གྲངས་པུའི་རྒྱུན་ལས་ཅིང་ལི་གཞོན་པ་ཝང་དབྱང་གིས་དེ་ལྟར་བཤད། མིག་སྔར་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་རླུང་གློག་ས་ཚིགས་ཤིག་ཡིན་པའི་མཚོ་སྨད་གྲི་གུའི་རླུང་གློག་གི་དུས་ཐེངས་དང་པོའི་རྣམ་གྲངས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྲའོ་ཝ་22ཟིན་པ་དང་། 2021ལོའི་ཟླ་12པའི་ཟླ་མཇུག་ཏུ་ཤོང་ཚད་ཧྲིལ་པོའི་དྲ་བ་སྦྲེལ་ནས་གློག་གཏོང་འགོ་ཚུགས་ཚུན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1.4ཙམ་ཟིན་ནས་བོད་དབུས་གློག་དྲའི་གློག་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    དཔྱད་གཞི་ལས་མངོན་པར། གྲི་གུ་རླུང་གློག་གི་དུས་ཐེངས་དང་པོའི་རྣམ་གྲངས་ནི་བོད་ཀྱི་ས་བབ་མཐོ་བའི་རླུང་གློག་གསར་སྤེལ་ལག་རྩལ་ཞིབ་འཇུག་དང་ཚན་རྩལ་དཔེ་སྟོན་རྣམ་གྲངས་ཐོག་མ་དེ་ཡིན་ལ། བོད་ཀྱི་གློག་དྲ་གཙོ་བོའི་ནང་བཅུག་པའི་རླུང་གློག་རྣམ་གྲངས་ཐོག་མ་དེའང་ཡིན་པས་ས་བབ་མཐོ་བའི་ས་ཁུལ་གྱི་རླུང་གློག་གསར་སྤེལ་ལས་རིགས་ཀྱི་སྟོང་ཆ་བསྐངས་ཡོད།

    “ཚན་ཞིབ་སྟོབས་ཤུགས་ཀྱི་འདེགས་སྐྱོར་ཡོད་པས་ང་ཚོའི་རླུང་འཁོར་འཕྲུལ་ཚན་ལ་ས་བབ་མཐོ་སར་འཕྲོད་པ་དང་། སྨུག་ཕྱིའི་འོད་འགོག་ཐུབ་པ། ཐོག་འགོག་ཐུབ་པ། དྲོད་ཚད་དམའ་པོ་ཁྱོག་ཐུབ་པ། འཁྱག་པ་འགོག་ཐུབ་པ་སོགས་ཀྱི་ལག་རྩལ་གྱི་ཁྱད་ཆོས་ལྡན་པས་རང་བྱུང་ཁོར་ཡུག་ཞན་པོའི་འོག་བརྟན་པོའི་ངང་འཁོར་སྐྱོད་ཡུན་རིང་བྱེད་ཐུབ”ཅེས་ཝང་དབྱང་གིས་བཤད།

    “ཨར་སྐྲུན་གྱི་ལྷུ་ཚིགས་ཧ་ཅང་ནན་པོ་ཡོད”མཚོ་སྨད་གྲི་གུའི་དུས་ཐེངས་གཉིས་པའི་རླུང་གློག་རྣམ་གྲངས་ཀྱི་བདེ་འཇགས་ཆེད་བསྐོས་ལྟ་སྐུལ་བ་ཚའོ་ཧྲེན་ཁྲོན་གྱིས་རླུང་འཁོར་སྒྲིག་སྦྱོར་ལ་དཔེ་བཞག་ནས“རླུང་འཁོར་གཅིག་སྒྲིག་སྦྱོར་བྱེད་པར་ལས་སྟེགས་ཀྱི་རྩིག་རྨང་འདྲུ་བ་དང་། ས་ཆ་བདམས་ནས་ས་དོང་སྔོག་པ། ལྕགས་རྩིབ་སྡོམ་པ། ཨར་འདམ་བླུགས་པ་ནས་རྨང་གཞིའི་བདག་སྐྱོང་དང་གནོན་འགོག་ཞིབ་དཔྱད་ཚད་ལེན་དང་རླུང་འཁོར་སྒྲིག་སྦྱོར་བྱེད་པའི་བར་ཉུང་ཤོས་ལའང་ཉིན་50འགོར་གྱི་ཡོད། གལ་སྲིད་གནམ་ངན་བསྟན་ཚེ་ངེས་པར་དུ་ལས་མཚམས་འཇོག་དགོས་ཀྱི་ཡོད”ཅེས་བཤད།

    མིག་སྔར་མཚོ་སྨད་གྲི་གུའི་དུས་ཐེངས་གཉིས་པའི་ཀྲའོ་ཝ་50ཡི་རླུང་གློག་རྣམ་གྲངས་ཀྱི་ཨར་པོ་ལེགས་གྲུབ་ཟིན་པ་དང་། བཟོ་དབྱིབས་རིགས་གཉིས་ཀྱི་རླུང་འཁོར་15ལས་7སྒྲིག་སྦྱོར་ཟིན་ནས་ལས་གྲྭ་ཧྲིལ་པོའི་70%ཙམ་ལེགས་གྲུབ་ཟིན་ཏེ་ལོ་འདིའི་ནང་ཤོང་ཚད་ཧྲིལ་པོ་ནས་གློག་ལམ་མཐུད་དེ་གློག་གཏོང་ཐུབ་རེ་ཡོད།

    མཚོ་སྨད་གྲི་གུའི་རླུང་གློག་རྣམ་གྲངས་སྐྲུན་པ་ནི་རང་ལྗོངས་ཀྱིས་ལྗང་མདོག་གི་ནུས་རྒྱུ་གཙང་མ་འཕེལ་རྒྱས་བཏང་བའི་དཔེ་མཚོན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཆུ་དང་། རླུང་། འོད་བཅས་གཙོ་བོར་བྱས་པའི་ནུས་རྒྱུ་གཙང་མའི་ཐོན་ལས་ལ་མ་རྩ་གཏོང་ཤུགས་ཆེ་རུ་བཏང་སྟེ་འདི་ལོའི་ལོ་སྟོད་དུ་མ་རྩ་སྒོར་དུང་ཕྱུར་94.3བཏང་བར་རླུང་གློག་རྣམ་གྲངས་ལ་མ་རྩ་སྒོར་དུང་ཕྱུར་4.3བཏང་བ་དང་། གཞི་ཁྱོན་ཡན་གྱི་གློག་གཏོང་ཁེ་ལས་39ཡི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་52.81ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་3.9%འཕར་ཡོད། ཀྲུང་གོ་ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཀྱི་ལྷག་བ་གློག་ཁང་དང་། ལྷ་ས་སྙེ་མོའི་འབྲོག་འོད་གསབ་རེས་ཀྱི་ནུས་གསོག་འོད་ཤུགས་གློག་ཁང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་འོ་མ་དེང་དགེ་རླུང་གློག་སོགས་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་ཡོད།

    ཝང་དབྱང་གིས། མཚོ་སྨད་གྲི་གུའི་དུས་ཐེངས་གཉིས་པའི་འཕྲུལ་ཚན་ཚང་མ་འཁོར་རྒྱུག་བྱེད་འགོ་ཚུགས་རྗེས་སྔོན་དཔག་བྱས་ན་ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1.57ཟིན་རྒྱུ་དང་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་4.75ཡི་ཚབ་བྱེད་ཐུབ། “དེ་ནས་བཏང་བའི་ལྗང་མདོག་གློག་བོད་ལྗོངས་ས་ཁུལ་ལ་ཐད་ཀར་མཁོ་འདོན་བྱས་ནས་ས་གནས་དེ་གའི་ནུས་རྒྱུའི་གྲུབ་ཆ་ནུས་ལྡན་ངང་ལེགས་སུ་གཏོང་རྒྱུ་དང་དུས་མཚུངས་གློག་དྲ་འཁོར་སྐྱོད་ཀྱི་བབ་བསྟུན་རང་བཞིན་ཆེ་རུ་ཕྱིན་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།