ཆབ་མདོ་གྲོང་ཁྱེར་འགོ་འཇོ་རྫོང་བསམ་གྲུབ་རོང་གྲོང་ཚོས།
ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་སྡོད་མལ་གྱི་མཛེས་སྡུག་ལྡན་པའི་དཔེ་སྟོན་གྲོང་ཚོ་བཏོད་པ།
“རི་བོ་མཐོང་ཐུབ་པ་དང་། ཆུ་མོ་རིག་ཐུབ་པ། ཡུལ་ཞེན་མ་བརྗེད་པ”བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྲུན་ཆེད། 2022ལོར་ཆབ་མདོ་གྲོང་ཁྱེར་འགོ་འཇོ་རྫོང་གིས་སྐྱ་འབེལ་ཤང་བསམ་གྲུབ་རོང་དཔེ་སྟོན་སྣེ་ཁྲིད་གྲོང་ཚོ་འཛུགས་སྐྲུན་བྱེད་རིང་། ཐོག་མཐའ་བར་གསུམ་དུ་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས“ལུགས་མཐུན་འཆར་འགོད་དང་། ཕ་ཡུལ་ལ་ཞེན་ཆགས། གནས་འཕྲོད་ལས་འཚམ”བཅས་དམིགས་ཚད་དུ་བྱས་ཏེ“འཐབ་ས་དང་པོའི་ལས་ཀའི་བྱེད་ཐབས”ལག་ལེན་བསྟར་བ་དང་། འཆར་འགོད་དང་། སྒྲོག་འགྲེལ། འཕེལ་རིམ་བཅས་ལ་དམ་འཛིན་ཡག་པོ་བྱས་ཏེ། མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམས་པ་རེད།
སྐྱ་འབེལ་ཤང་བསམ་གྲུབ་རོང་གྲོང་ཚོ་ནི་སྐྱ་འབེལ་ཤང་གི་ནུབ་བྱང་རྒྱུད་དུ་གནས་པ་དང་ཆ་སྙོམས་ས་བབ་སྨི་3975ཟིན་པ་དང་ས་མ་འབྲོག་ཞིག་རེད། དེ་ནི་སྐྱ་འབེལ་ཤང་བསམ་གྲུབ་རོང་མར་གྲོང་ཚོ་དང་བསམ་གྲུབ་རོང་ཡར་གྲོང་ཚོའི་སྲིད་འཛིན་གྲོང་ཚོ་གཉིས་ཟུང་འབྲེལ་བྱས་ནས་བཙུགས་པ་ཞིག་ཡིན་པ་དང་། ཤང་སྲིད་གཞུང་གནས་ཡུལ་དང་བར་ཐག་སྤྱི་ལེ་27.8དང་འགོ་འཇོ་རྫོང་གྲོང་དང་བར་ཐག་སྤྱི་ལེ་53.8ཡོད་ཅིང་། དེ་གར་དུད་ཚང་106གི་མི་727ཡོད་པ་རེད།
སྐྱ་འབེལ་ཤང་བསམ་གྲུབ་རོང་དཔེ་སྟོན་སྣེ་ཁྲིད་གྲོང་ཚོའི་རྣམ་གྲངས་འཛུགས་སྐྲུན་ཁྲོད། ས་གནས་དེ་གའི་མང་ཚོགས་ངལ་རྩོལ་ལ་ཞུགས་རྒྱུར་སྣེ་ཁྲིད་ཧུར་ཐག་བྱས་པ་དང་། མང་ཚོགས་སྒྲིག་འཛུགས་བྱས་ཏེ་ལས་ཀ་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་ལ་ཞུགས་པར་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་134.84བྱུང་ཡོད་པ་རེད།