དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཛེས་པའི་གྲོང་གསེབ་བསྐྲུན། སྐྱིད་པའི་ཁྱིམ་གཞིས་བཏོད།

    —— སྙེ་མོ་རྫོང་ལྷུན་སྒང་གྲོང་ཚོའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-09

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་མ་ཟད་གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད།

    2021ལོར་སྙེ་མོ་རྫོང་གིས་གྲོང་ཚོ་8“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”སུ་འཛུགས་སྐྲུན་བྱ་རྒྱུའི་བྱ་སྤྱོད་ཀྱི་འཆར་གཞི་ལག་ལེན་བསྟར་བར་ཁྱོན་མ་དངུལ་སྒོར་ཁྲི་17555.34བཏང་ཞིང་། ལྷུན་སྒང་གྲོང་ཚོའང་དེའི་གྲས་ཤིག་རེད།

    སྙེ་མོ་རྫོང་ལྷུན་སྒང་གྲོང་ཚོའི་གྲོང་མི་བྱམས་པ་རྡོ་རྗེས་རྟག་ཏུ་རང་ཁྱིམ་གྱི་སྒོ་རར་སྡོད་ཁང་གསར་པ་ཇི་ལྟར་བཀོད་སྒྲིག་བྱེད་དགོས་མིན་བསམ་བློ་བཏང་ནས་སྡོད་ཀྱི་ཡོད། ཟླ་གོང་མའི་ཟླ་མཇུག་ཏུ་བྱམས་པ་རྡོ་རྗེས་མི་ཚེ་ཧྲིལ་པོ་བསྡད་པའི་ས་རྡོའི་ཁང་པ་རྙིང་པ་དེ“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་གྱི་བྱ་སྤྱོད་འཆར་གཞིའི་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས་ཁྲོད་ཉམས་གསོ་བྱས་རྗེས། ཁོང་སྒུག་ཡུན་མི་གཅོག་པར་འཕྲལ་མར་སྡོད་ཁང་གསར་པའི་ནང་སྤོས་པ་རེད།

    “ད་ཐེངས་ཨར་སྐྲུན་ཕྱོགས་ཀྱིས་མི་ཕྱུགས་ལོགས་དབྱེའི་གྱང་བརྩིགས་པས། མི་སྡོད་ས་དང་སྒོ་ཕྱུགས་བཅུག་སའི་དབར་བར་ཐག་ཆོད་ནས་སྦྲང་བུ་ཉུང་དུ་ཕྱིན་སོང་ལ། ཁང་པའང་གཙང་མ་ཆགས་སོང་། དེས་མ་ཟད་སྒོ་རྩར་ཉི་ནུས་ལམ་སྒྲོན་སྒྲིག་སྦྱོར་བྱས་པས། མཚན་མོ་ཁྱིམ་དུ་ལོག་སྐབས་དེ་བས་བློ་བདེ་པོ་འདུག ཁང་པ་གསར་པར་སྤོས་རྗེས་སེམས་ནང་དགའ་ཚོར་དཔག་མེད་སྐྱེས་བྱུང་། ང་རང་ཁང་པ་ཡག་པོ་འདི་འདྲ་ཞིག་ནང་སྡོད་རྒྱུ་བྱུང་བ་བསམ་ཡུལ་ལས་འདས་སོང”ཞེས་བྱམས་པ་རྡོ་རྗེས་བཤད།

    2021ལོའི་ཟླ་8པར། ལྷུན་སྒང་གྲོང་ཚོའི“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུཌ་སྐྲུན་གྱི་བྱ་སྤྱོད་འཆར་གཞིའི་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས་སྐྲུན་འགོ་བཙུགས་ཏེ། གྲོང་ཚོ་ཡོངས་ཀྱི་ཁང་པ་རྙིང་པ་སྒྱུར་བཀོད་རིམ་སྤོར་བྱས་པ་དང་། སྡོད་ཁང་ཁག་གཅིག་གསར་དུ་བརྒྱབ་པ་དང་། བྱེད་སྒོ་སྤེལ་སའི་ཐང་ཆེན་དང་། མི་ཕྱུགས་ལོགས་དབྱེའི་གྱང་། གད་སྙིགས་རིགས་དབྱེའི་ཁང་པ། ཉི་ནུས་ལམ་སྒྲོན། ཆུ་ཡུར་སོགས་བསྐྲུན་པ་མ་ཟད། ད་དུང་གྲོང་ཚོ་ཧྲིལ་པོར་སྔོ་འགྱུར་དང་། མཛེས་བཟོ། ཨར་འདམ་ལམ་བཏིངས་ནས་ད་ཡོད་ཀྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་བྱས་པ་དང་ཆབས་ཅིག གྲོང་ཚོའི་འཕྲོད་བསྟེན་ཁོར་ཡུག་ཀྱང་ལེགས་སུ་བཏང་ཡོད། རྣམ་གྲངས་བསྐྲུན་རྗེས་དུད་ཚང་366གི་མང་ཚོགས་1600ལྷག་ཙམ་ལ་ཕན་པ་ཐོབ་པ་རེད།

    ང་ཚོས་རྣམ་གྲངས་འགན་འཁུར་བ་ལི་ཆིང་ལུང་དང་མཉམ་དུ་ལྷུན་སྒང་གྲོང་ཚོའི་ད་ཆའི་རྣམ་པར་ལྟ་སྐོར་བྱས་པ་ཡིན། ཨར་འདམ་ལམ་བུ་གྲོང་མིའི་སྒོ་རྩར་ཤར་གཏོང་ཐུབ་པ་དང་གཞུང་ལམ་གཡས་གཡོན་གྱི་ཉི་ནུས་གློག་སྒྲོན་དག་གྲོང་ཚོའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

    ལྷུན་སྒང་གྲོང་ཚོའི་གྲོང་མིའི་སྡོད་ཁང་ཁ་ཐོར་དུ་གནས་པ་དང་ལམ་རྒྱུད་དུ་རང་བྱུང་གྲོང་ཚོའི་ཚོགས་ཆུང་7ཡོད་ཅིང་། གྲོང་ཚོ་སོ་སོའི་དབར་བར་ཐག་རིང་ཤོས་ལ་སྤྱི་ལེ་20ལྷག་ཙམ་ཡོད། ལི་ཆིང་ལུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་སྒྱུར་བཀོད་རིམ་སྤོར་བྱས་པ་དེས་ལྷུན་སྒང་གྲོང་ཚོའི་རང་བྱུང་ཁོར་ཡུག་ལ་བསམ་གཞིག་གང་ལེགས་བྱས་ནས། དུད་ཚང་ཚང་མར་ཁྱབ་པའི་ལས་ཀའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ཁྱོན་ཨར་འདམ་ལམ་27བསྐྲུན་པ་དང་དུད་ཚང་དུ་སྐྱོད་སའི་ལམ་300ལྷག་ཙམ་བསྐྲུན་ཡོད། གྲོག་རོང་ནང་གི་གྲོང་མིའི་ཁྱིམ་གྱི་སྒོ་རྩར་ཡང་ཨར་འདམ་ལམ་ཤར་གཏོང་ཐུབ་ཡོད་པ་རེད།

    ལི་ཆིང་ལུང་གིས་མིག་སྔའི་བར་རྣམ་གྲངས་ཀྱི་95%ཡན་ལེགས་གྲུབ་ཟིན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་། གྲོང་མི་ཕུར་བུ་ཚེ་རིང་གི་ཁང་པ་ད་ལྟ་སྐྲུན་བཞིན་ཡོད་པ་དང་། ཕུར་བུ་ཚེ་རིང་གི་ཁྱིམ་དུ་བསྐྱོད་པར་ལས་སླ་པོ་གཏན་ནས་མེད་དེ། གཡང་གཟར་བའི་ལམ་ཐོག་རླངས་འཁོར་ནང་སྡོད་སྐབས་མི་རྣམས་ལ་འཇིགས་སྣང་སྐྱེ་འོས་པ་ཞིག་ཡོད། ཕུར་བུ་ཚེ་རིང་གི་ཁང་པར་དཀར་རྩི་གཏོང་བཞིན་འདུག ཁོང་གིས། དེ་སྔའི་ཁང་པ་རྙིང་པ་ས་རྡོ་ལས་གྲུབ་པས་ཐིགས་པ་ཡང་སེ་རྒྱག་པ་མ་ཟད་ཁང་པ་རྡིབ་ཉེན་ཤིན་ཏུ་ཆེ། ཁང་པ་གསར་པ་ཟླ་འདིའི་ཟླ་མཇུག་ཏུ་ཡོངས་སུ་བསྐྲུན་ཚར་རྒྱུ་ཡིན་པས་ནང་མི་ཚང་མས་སྐོམ་པ་ཆུ་འདོད་ལྟར་ཁང་པ་གསར་པའི་ནང་སྔ་ཙམ་སྤོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    ཕུར་བུ་ཚེ་རིང་གིས་བསྡུ་གསོག་རྒྱག་གིན“དེ་སྔ་ཁང་པ་གསར་པ་རྒྱག་རྒྱུའི་བསམ་བློ་ཡོད་མོད། འོན་ཀྱང་ལམ་ཡག་པོ་མེད་ལ་ཆ་རྐྱེན་ཡང་དེ་ཙམ་འཛོམས་པོ་མེད། ད་ཆ་རྣམ་གྲངས་འདི་འདྲ་ཞིག་གིས་ང་ཚོར་ཁང་པ་གསར་པ་བརྒྱབ་ཡོང་བསམ་པ་རྨི་ལམ་ལའང་གཏོང་མྱོང་མེད”ཅེས་བཤད།

    དུད་ཚང་ཚང་མར་ཁྱབ་པའི་ལས་ཀའི་འདུ་ཤེས་དེ་འདྲ་ཞིག་ལས་སྙེ་མོ་རྫོང་ལྷུན་སྒང་གྲོང་ཚོའི་གྲོང་མི་ཚོར་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས་ཁྲོད་ནས་ཐོབ་སྣང་ཆེན་པོ་ཚོར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལྷུན་སྒང་གྲོང་ཚོའི“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་གྱི་བྱ་སྤྱོད་འཆར་གཞིའི་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས་ཀྱིས་ཉིན་གཅིག་ནང་ལས་མི་མི་ཐེངས་30ཙམ་སྤྱད་པ་ཚང་མ་ས་གནས་དེ་གའི་མང་ཚོགས་ཡིན་པ་དང་། ལས་རིགས་མི་འདྲ་བར་གཞིགས་ནས་ལས་མི་རེར་ཉིན་རེར་གླ་ཆའང་སྒོར་180ནས་སྒོར་300བར་སྤྲོད་ཀྱི་ཡོད། གྲོང་མི་མི་ཉུང་བ་ཞིག་གིས་དེ་སྔོན་ཐག་རིང་དུ་ཡོང་འབབ་གསོག་པར་བསྐྱོད་པ་ལས་གླ་ཆ་མཐོ་བ་འདུག་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།