“ཀྲུང་ཧྭའི་རིག་གནས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ་དངོས་ནས་ཚོར་བྱུང”
ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱིས་མཛུབ་ཁྲིད་དང་ཀྲུང་གོ་ཡིག་སྒྱུར་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2023ལོའི་ཀྲུང་གོའི་ཡིག་སྒྱུར་མཐུན་ཚོགས་ཀྱི་ལོ་ཚོགས་ཐོག་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གི་འཇར་མན་སྐད་ཡིག་པུའི་རིགས་གཅིག་མཁས་ཅན་པོ་ཁེ་ཧ་ཏེ·ལི་སེར(ཀྲུང་གོའི་མིང་ལ་ལི་པོ་ཧན་ཟེར)“ཀྲུང་གོའི་རྒྱལ་ཁོངས་ཕྱིའི་ཡིག་སྒྱུར་མཁས་ཅན”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
2022ལོའི་ཟླ་8པར་ལི་པོ་ཧན་ཚུད་པའི་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་5ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པ་སོགས་དཔེ་དེབ་ཀྱི་ཡིག་སྒྱུར་དང་དཔེ་སྐྲུན་ནང་ཞུགས་པའི་མྱོང་ཚོར་ཟབ་མོ་གླེང་ནས། འཛམ་གླིང་གིས་ཀྲུང་གོའི་ལས་དོན་ཤེས་རྟོགས་ཐུབ་པར་བྱེད་པའི་ནང་ཞུགས་པའི་སྤོབས་སེམས་མཚོན་པར་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ཚོར་རང་ངོས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ནས་ཀྲུང་ཕྱིའི་སྐད་ཡིག་དང་ཕུལ་བྱུང་གི་ཡིག་སྒྱུར་བརྩམས་ཆོས་སྤྱད་དེ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་ཕྱི་རྒྱལ་གྱི་ཀློག་པ་པོ་དེ་བས་མང་བས་ཀྲུང་གོ་ཤེས་རྟོགས་ཐུབ་རྒྱུར་ཁྲིད་སྟོན་བྱས་ནས་ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་དབར་སྤེལ་རེས་དང་འབྲེལ་གཏུག་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ལྕག་སྐུལ་གནང་བ་རེད། ལི་པོ་ཧན་གྱིས“ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་ནི་ང་ཚོའི་ལས་ཀར་སྐུལ་ལྕག་ཆེན་པོ་གནང་བ་ཞིག་ཡིན་པས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་བརྗོད་པ་རེད།
2011ལོ་ནས་བཟུང་ལི་པོ་ཧན་དང་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་ཡིག་སྒྱུར་མཉམ་ལས་བྱེད་འགོ་ཚུགས་པ་དང་འབྲེལ་2020ལོ་ནས་ད་བར་དངོས་སུ་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་ནང་ལས་ཀ་བྱས་པ་རེད། ཁོང་སྔ་རྗེས་སུ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་དང་པོ་ནས་བཞི་པའི་བར་གྱི་འཇར་མན་ཡི་གེའི་པར་མ་སོགས་ཀྱི་ཡིག་སྒྱུར་དང་ཕྱི་རྒྱལ་སྐད་ཡིག་ཞུ་དག་གི་ལས་ཀར་ཞུགས་མྱོང་། ལི་པོ་ཧན་གྱིས། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་འབྲེལ་བ་དམ་ཟབ་བྱས་ནས་མི་དམངས་ལ་མཐུན་སྒྲིལ་དང་མི་དམངས་ཀྱི་དགོས་མཁོར་དང་ལེན་ཞུས་ཏེ་མི་དམངས་ལ་བཅངས་པའི་བརྩེ་སེམས་ཀྱིས་ཁེངས་ཡོད། “《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》བཀླགས་རྗེས་ཀློག་པ་པོས་དེའི་ཁྲོད་ནས་ཀྲུང་གོའི་ལོ་རྒྱུས་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤེས་རྟོགས་གཏིང་ཟབ་དང་ཀྲུང་གོ་མི་དམངས་ཀྱི་འཚོ་བ་དངོས་ཤེས་རྟོགས་ཐུབ་ནས་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུའི་གདམ་ག་བྱེད་དོན་གང་ཡིན་པ་ཤེས་ཐུབ”ཅེས་བརྗོད་པ་རེད།
ལི་པོ་ཧན་དང་ཀྲུང་གོའི་དབར་གྱི་ལས་དབང་དེ་དུས་རབས་གོང་མའི་ལོ་རབས་90པར་འདེད་ཆོག 1995ལོ་ནས་1997ལོའི་བར་ཁོང་པེ་ཅིན་དུ་ཡོང་ནས་ཀྲུང་དབྱང་ཟློས་གར་སློབ་གླིང་གི་ཟློས་གར་རྩོམ་རིག་ཚན་ཁག་ཏུ་ཟབ་སྦྱོང་བྱས་པ་དང་། དེ་གོང་ཁོང་གིས་འཇར་མན་གྱི་པོ་ཧུང་ལུར་སློབ་ཆེན་དུ་ཀྲུང་གོའི་སྐད་ཡིག་རྩོམ་རིག་ཆེད་ལས་སློབ་སྦྱོང་ལོ་གསུམ་བྱས་ཡོད། ལི་པོ་ཧན་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་རིག་གནས་ལ་དགའ་པོ་བྱེད་ཀྱི་ཡོད་པས་གཏམ་བརྗོད་ཟློས་གར་སློབ་སྦྱོང་བྱས་ཏེ་ཀྲུང་གོའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཆེན་པོར་དེ་བས་གཏིང་ཟབ་པའི་སྒོ་ནས་ཤེས་རྟོགས་བྱེད་འདོད་ཡོད་པ་རེད། “དཔེར་ན་སྐུ་ཞབས་ལའོ་ཧྲེའི《ཇ་ཁང》ཞེས་པའི་གཏམ་བརྗོད་ཟློས་གར་ལྟ་སྐབས་ངས་པེ་ཅིང་ས་གནས་ཀྱི་རིག་གནས་ལ་དེ་བས་གསོན་ཉམས་དོད་པའི་ངོས་འཛིན་ཐུབ་ཀྱི་འདུག”
འབྱུང་འགྱུར་གྱི་ལས་ཀའི་འཆར་གཞིའི་སྐོར་གླེང་སྐབས། ལི་པོ་ཧན་གྱིས“ངས་ལོ་མང་རིང་ཀྲུང་གོའི་སྐད་ཡིག་དང་། དབྱིན་སྐད། ཧྥ་རན་སེའི་སྐད། རི་པིན་གྱི་སྐད། ཐེ་ལན་གྱི་སྐད། ཧིན་རྡུ་ཉི་ཞི་ཡའི་སྐད་བཅས་སྦྱོང་མྱོང་། སླད་ཕྱིན་ངས་ཀྲུང་གོའི་འདུ་ཤེས་དང་ཀྲུང་གོའི་ཇུས་གཞིར་དམིགས་ནས་ཡིག་སྒྱུར་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་དང་དུས་མཚུངས། ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དོ་ཁུར་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།