རིམ་རྩིས་བྱས་ན་ཧྲན་ཤིས་ཀྱིས་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་700བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་ཐའེ་ཡོན་ནས་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གྱི་ཆུ་ཚོད་10ཙམ་ལ། རྫ་ཆས་དང་། རླངས་འཁོར་གྱི་འགྱིག་འཁོར། མདོང་ལམ་གྱི་ལྷུ་ལག ཤེལ་གྱི་བཟོས་རྫས་སོགས་དངོས་ཟོག་བྱུར་བུར་བླུགས་པའི་མེ་འཁོར་X9235ཧྲན་ཤིས་ཞིང་ཆེན་དབུས་རྒྱུད་ཀྱི་ཀྲུང་ཏིང་ཟོག་འགྲེམས་གླིང་ནས་ཐོན་པས་རིམ་རྩིས་བྱས་ན་ཧྲན་ཤིས་ཞིང་ཆེན་གྱིས་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་700བཏང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཀྲུང་ཡོའི་དུས་གཏན་མེ་འཁོར་ནང་དངོས་ཟོག་དོས་སྒམ་77བླུགས་པའི་ལྗིད་ཚད་བསྡོམས་ཏུན་1814ཙམ་ཟིན་ཡོད། མེ་འཁོར་ཀྲུང་ཏིང་ཟོག་འགྲེམས་གླིང་ནས་ཐོན་རྗེས་ཧོར་གོ་སི་འགག་སྒོ་བརྒྱུད་ཉིན་12སོང་རྗེས་ཧ་སག་སི་ཐན་སོགས་རྒྱལ་ཁབ་ཁག་ཏུ་གཅིག་རྗེས་གཉིས་མཐུད་ངང་འབྱོར་རྒྱུ་རེད།