ད་ལོའི་ཞོ་སྟོན་རིང་བྱེད་སྒོ་འདི་དག་སྤེལ་མཁན་རེད་འདུག
ཟླ་8ཚེས་8ཉིན། གསར་འགོད་པས་2023ལོའི་ལྷ་སའི་ཞོ་སྟོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ལྷ་སའི་ཞོ་སྟོན་ཟླ་8ཚེས་16ཉིན་ནས་ཚེས་22ཉིན་བར་ཡིན་པ་རེད།
ད་ལོའི་ཞོ་སྟོན་གྱི་བྱེད་སྒོ
དུས་ཡུན་ཉིན་བདུན་གྱི་ཞོ་སྟོན་རིང་། ངོ་མཚར་ཆེ་བའི་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ཕུད། ཞོ་སྟོན་སྒྲིག་འཛུགས་ཨུ་ལྷན་གྱིས་ད་དུང་གྲོང་མི་མང་ཚོགས་ལ་རིག་གནས་དང་ཡུལ་སྐོར་གྱི་བྱེད་སྒོ་མང་པོ་གྲ་སྒྲིག་བྱས་ཡོད་པ་རེད།
ལྷ་མོ།
ཟླ་8ཚེས་16ཉིན་ནས་ཚེས་20ཉིན་བར་གྱི་ཉིན་རེའི་ཆུ་ཚོད་11:00ནས་18:30བར་རྫོང་རྒྱབ་ཀླུ་ཁང་དུ་སྲོལ་རྒྱུན་གྱི་ལྷ་མོ་འཁྲབ་སྟོན་བྱ་རྒྱུ་རེད།
གོས་སྐུ་འགྲེམས་སྟོན།
སྲོལ་རྒྱུན་གྱི་གོམས་སྲོལ་ལྟར། འབྲས་སྤུངས་དགོན་གྱི་གོས་སྐུ་ཟླ་8ཚེས་16ཉིན་གྱི་ཆུ་ཚོད་8:00ནས་14:00བར་འགྲེམ་སྟོན་བྱ་རྒྱུ་དང་། སེ་ར་དགོན་གྱི་གོས་སྐུ་ཟླ་8ཚེས་16ཉིན་གྱི་ཆུ་ཚོད་9:00ནས་15:00བར་འགྲེམ་སྟོན་བྱ་རྒྱུ་རེད།
རྟ་རྒྱུགས།
ཟླ་8ཚེས་17ཉིན་གྱི་ཆུ་ཚོད་10:00ནས་17:00བར་དང་། ཟླ་8ཚེས་18ཉིན་གྱི་ཆུ་ཚོད་10:00ནས་12:30བར། ལྷ་སའི་རྟ་རྒྱུག་འགྲན་ཚོགས་གྲོང་ཁྱེར་བྱང་འདབས་ཀྱི་རྟ་རྒྱུག་ཐང་དུ་འཚོག་རྒྱུ་རེད། དེ་སྔོན་དང་མི་འདྲ་བ་ནི། ད་ལོ་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་ཆེད་མངགས་སྲོལ་རྒྱུན་གྱི་རྟ་རྒྱུག་འཁྲབ་སྟོན་དེ་རྟ་རྒྱུག་འགྲན་ཚོགས་ལ་རིམ་སྤོར་བྱས་པ་རེད།
མིག་མངས།
ལྷ་སའི་མིག་མངས་འགྲན་བསྡུར་ཟླ་8ཚེས་17ཉིན་གྱི་ཆུ་ཚོད་10:30ནས་13:00བར་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་སྤེལ་རྒྱུ་ཡིན་པ་རེད།
ཚོང་འགུགས་མ་འདྲེན།
2023ལོའི་ལྷ་སའི་ཞོ་སྟོན་གྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་འདུ་ཚོགས་དང་རྣམ་གྲངས་གཅིག་སྡུད་ཀྱི་གན་རྒྱ་འཇོག་པའི་བྱེད་སྒོ་2023ལོའི་ཟླ་8ཚེས་17ཉིན་གྱི་སྔ་དྲོ་ཀྲོའུ་ཅི་གསོལ་མགྲོན་ཁང་ཆེ་མོའི་བོད་ལྗོངས་ཚོམས་ཆེན་དུ་གཉེར་རྒྱུའི་འཆར་གཞི་ཡོད་པ་དང་། བྱེད་སྒོ་གཙོ་བོ་ནི། གཅིག 2023ལོའི་ལྷ་སའི་ཞོ་སྟོན་གྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་གཅིག་སྡུད་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་རྒྱུ་དང་། གཉིས། 2023ལོའི་ལྷ་སའི་ཞོ་སྟོན་གྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་འོས་སྦྱོར་འདུ་ཚོགས་འཚོགས་རྒྱུ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱི་མ་འཇོག་ཁོར་ཡུག་དང་། ཁྲོམ་འགྲེམས་སྲིད་ཇུས། གླིང་ཁུལ་གྱི་ཚོང་འགུགས་མ་འདྲེན་གྱི་གཙོ་གནད་རྣམ་གྲངས་གཙོ་གནད་ཐོག་འོས་སྦྱོར་བྱ་རྒྱུ་ཡིན་པ་རེད།