དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས།

    ལྷག་བསམ་རྣམ་དག་གིས་ལས་འགན་སྒྲུབ་རིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-08

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“འཛུགས་གཏོད་བཞིར”སྐུལ་འདེད་ཤུགས་ཆེན་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཡོང་བར་བརྩོན་ལེན་བྱེད་པའི་ཞིབ་ཕྲའི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། “འཛུགས་གཏོད་བཞིར”ཞབས་འདེགས་ཞུ་བ་དང“མདུན་གྲལ་དུ་སླེབས་པར”རམ་འདེགས་བྱེད་པའི་འགོ་ཁྲིད་ཚོགས་ཆུང་དང་། དེ་བཞིན་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མིའི་ལས་དོན། རང་ངོས་འཛུགས་སྐྱོང་བཅས་ཀྱི་ཆེད་དོན་ཚོགས་ཆུང་4བཙུགས་ནས་ལོ་ལྟར་ཁྲིམས་འཛུགས་དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གཏན་འབེབས་ཁག་4ནས་5བར་དང་། ལྟ་སྐུལ་ལས་དོན་ཁག་30ལྷག་ཙམ། འཐུས་མིའི་ལས་དོན་ཁག་20ལྷག་ཙམ་བཅས་བསྒྲུབས་ཏེ་ཁྲིམས་གཏན་འཁེལ་བའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ནུས་པ་གང་ལེགས་བཏོན་ཡོད།

    སེམས་ནུས་གཅིག་སྒྲིལ་བྱས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་ཆེད་འགན་འཁྲི་ཧུར་ཐག་བསྒྲུབས་པ།

    གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། གསར་གཏོད་ལ་བརྟེན་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་གནས་བབ་གལ་ཆེན་ཐོག་འཇོག་རྒྱུར་ཁྲིད་སྟོན་བྱས་ཏེ་ལྗོངས་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་དང་། ཡ་རབས་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག གསར་བརྗེའི་རིག་གནས་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་གཏོང་བའི་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྔོན་ལ་བཟོས་ཏེ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། ཁ་ཕྲལ་དང་གཏོར་བཤིག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་བྱེད་སྒོ་སྤེལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། ཡ་རབས་ཀྱི་དར་སྲོལ་གཏོད་པ་སོགས་གཏན་འབེབས་བྱས་ཡོད།

    གོང་འོག་མཉམ་འགུལ་མཐའ་འཁྱོངས་བྱས་ཏེ་ལོ་ལྟར་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི་མི་དམངས་འཐུས་ཚོགས་ཀྱིས་མཉམ་དུ“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཡར་ཀླུང་བྱ་སྤྱོད”ཀྱི་བྱེད་སྒོ་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“ཁྱབ་སྤེལ་དགུའི”བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཡོད།

    མཉམ་ཤུགས་ལ་བརྟེན་ནས་སྐུལ་སྤེལ་མཐའ་འཁྱོངས་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོངས་ཀྱི་ཁྲོད“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་སྦྱོང་སློབ་གསོའི་ལག་ལེན་གྱི་བྱེད་སྒོ”སྤེལ་བ་དང་། “མི་རིགས་མཐུན་སྒྲིལ་དང་། རང་ཉིད་ནས་འགོ་བརྩམ་པའི”བྱེད་སྒོ་གཏིང་ཟབ་སྤེལ་བ་མ་ཟད། འཐུས་མིའི་ལས་གནས་དང་འགན་འཁྲི་གཏན་འཁེལ་ཡང་བྱས་ཡོད།

    ལས་འགན་ཨང་དང་པོར་དམ་པོར་དམིགས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་གཏོད་རྒྱུར་ཁྲིམས་སྐྱོང་གི་སྟོབས་ཤུགས་བསྣན་པ།

    ཁྲིམས་གཏན་འཁེལ་བའི་འགན་ནུས་སྔར་བས་ཏན་ཏིག་བསྒྲུབས་པ། ལོ་རེའི་ལྟ་སྐུལ་ལས་ཀའི་བཀོད་སྒྲིག་ཁྲོད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསྡུར་ཚད་ཆེན་པོ་བཟུང་ཡོད། དཔེར་ན། གྲོས་ཞིབ་ཀྱི་འཆར་གཞི་དང་། སྔོན་རྩིས་ལག་བསྟར་བྱེད་ཚུལ་གྱི་སྙན་ཞུ། རྩིས་བཤེར་ལས་དོན་གྱི་སྙན་ཞུ། དེ་བཞིན་གཞུང་ཁོངས་རྒྱུ་ནོར་དོ་དམ་དང་། བུ་ལོན་དོ་དམ། ཐོན་ལས་དར་རྒྱས་སོགས་ཀྱི་ཆེད་དོན་ལས་དོན་གྱི་སྙན་ཞུ་བཅས་ཉན་ནས་གྲོས་ཞིབ་བྱས་ཏེ་བསྡོམས་རྩིས་བཅའ་ཁྲིམས་དང་གྲོང་གསེབ་དར་རྒྱས་ལ་སྐུལ་སྤེལ་གྱི་བཅའ་ཁྲིམས་སོགས་ལ་ཁྲིམས་འཛིན་ཞིབ་བཤེར་བྱས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཡོད།

    གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུར་སྔར་བས་དམ་འཛིན་བྱས་པ། ལྟ་སྐུལ་ལས་དོན་གྱི་སྙན་ཞུ་ཚང་མར་གནད་དོན་གྱི་གསལ་ཐོ་བཟོས་ནས་ཐུན་མོང་གི་གནད་དོན་དང་བྱེ་བྲག་གི་གནད་དོན་ལ་རིགས་དབྱེ་བ་ལྟར། ལོ་ལྟར་གྱི་དུས་ཚིགས་དང་པོར་ལོ་འཁོར་གོང་མའི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཞིབ་བསམ་འཆར་དོན་འཁྱོལ་བྱེད་ཚུལ་སྐོར་གྱི་གྲོང་ཁྱེར་སྲིད་གཞུང་གི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་ཡོད།

    དམངས་འཚོའི་བྱ་བ་དངོས་སྔར་བས་ལེགས་པར་བསྒྲུབས་པ། 2022ལོ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཤང་གི་མི་དམངས་འཐུས་ཚོགས་ཀྱིས་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འདེམས་ཤོག་ཐག་གཅོད་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། “ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད་བྱེད་པ། སྲིད་གཞུང་གིས་འགན་གཙོ་བོ་འཁུར་བ། འཐུས་མིས་འདེམས་ཤོག་འཕངས་ནས་ཐག་གཅོད་པ། མང་ཚོགས་དེའི་ནང་ཞུགས་པ་བཅས”ཀྱི་ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་སྟེ། དམངས་འཚོ་དང་འབྲེལ་བ་ཡོད་པའི“འགག་རྩའི་དོན་ཆུང”མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འདེམས་ཤོག་འཕངས་ནས་ཐག་གཅོད་པའི་ལམ་ལུགས་ནང་བཅུག་རྗེས། ལྷོ་ཁའི་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལག་ལེན་ཁྲོད་དུ་མི་དམངས་དམངས་གཙོའི“ཚད་གཞི”ལྡན་པར་བྱས་ཡོད།

    ལྗང་མདོག་འཕེལ་རྒྱས་ལ་དམ་པོར་དམིགས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་ཆེད་སྟོབས་ཤུགས་ཆེན་པོ་བཏོན་པ།

    ཁྲིམས་འཛུགས་ཏན་ཏིག་ཡོང་བར་བྱས་པ། ཉེ་བའི་ལོ་ཤས་རིང་།《ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་སྲོལ་ཡིག》དང་། 《ལྷོ་ཁ་གྲོང་ཁྱེར་གྱི་བྱེ་རྡོ་སྔོག་འདོན་དོ་དམ་སྲོལ་ཡིག》《ལྷོ་ཁ་གྲོང་ཁྱེར་གྱི་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ལག་བསྟར་སྲོལ་ཡིག》བཟོས་ནས་བཏོན་པ་མ་ཟད། ད་དུང《ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་གཙང་པོ་སྲུང་སྐྱོང་སྲོལ་ཡིག》དང་། 《ལྷོ་ཁ་གྲོང་ཁྱེར་གྱི་ཡར་འབྲོག་གཡུ་མཚོ་སྲུང་སྐྱོང་སྲོལ་ཡིག》《ལྷོ་ཁ་གྲོང་ཁྱེར་གྱི་གླ་ཚེར་ནགས་ཚལ་སྲུང་སྐྱོང་སྲོལ་ཡིག》བཅས་བཟོས་ནས་བཏོན་པས“གཙང་པོ་དང་། ཆུ་བོ། ལྗོན་ཤིང་བཅས་རེ”ལ་སྲུང་སྐྱོང་བྱེད་པ་དེ་ཁྲིམས་སྐྱོང་ཅན་དུ་གྱུར་ཡོད།

    ལྟ་སྐུལ་ལ་སྐུལ་སྤེལ་ཏན་ཏིག་བྱས་པ། བསམ་བློའི་ངོས་འཛིན་གཏིང་ཟབ་ཅན་དང་། བྱེད་ཐབས་སྤྱོད་རྒྱུ་ཕྱོགས་བསྡུས་ཅན། གནད་དོན་བཤེར་འདོན་གསལ་ཐོ་ཅན། རྗེས་འདེད་ལྟ་སྐུལ་ལམ་སྲོལ་ཅན། རྨང་གཞི་བརྟན་གཏོང་རྒྱུན་རྣམ་ཅན་བཅས་ཀྱི་ལྟ་སྐུལ་ལས་དོན་གྱི“ཅན་ལྔའི་བཅའ་ཁྲིམས”འཚོལ་ཞིབ་དང་ལག་ལེན་བསྟར་ཏེ། ལོ་ལྟར་ཁོར་ཡུག་གི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ལེགས་སྒྲུབ་བྱེད་ཚུལ་སོགས་སྐོར་གྱི་གྲོང་ཁྱེར་སྲིད་གཞུང་གི་ཆེད་དོན་ལས་དོན་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་དང་། ནགས་ཚལ་གྱི་བཅའ་ཁྲིམས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྲོལ་ཡིག་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ཁྲིམས་འཛིན་ཞིབ་བཤེར་བྱས་ཡོད།

    འཐུས་མི་དང་མཉམ་དུ་ཡར་རྒྱས་ཏན་ཏིག་ཡོང་བར་བྱས་པ། འཐུས་མི་སྒྲིག་འཛུགས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་གནས་ཚུལ་ལ་ལྟ་ཞིབ་དང་བརྟག་ཞིབ་བྱས་ཏེ“སྐྱེ་ཁམས་ཤེས་དཔལ་གྱི་ལས་གནས”དང་། “ཁོར་ཡུག་བཅོས་སྐྱོང་གི་ལས་གནས”སོགས་ལས་གནས་བརྩིས་བླངས་ནས་རང་འགན་གཙང་སྒྲུབ་ནན་ཏན་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོངས་ཀྱི་ཁྲོད“སྐྱེ་ཁམས་ཤེས་དཔལ་དར་སྤེལ་བཏང་ནས་མཛེས་སྡུག་ལྡན་པའི་ལྷོ་ཁ་སྐྲུན་པའི”བྱེད་སྒོ་སྤེལ་ཡོད།

    ཁྲིམས་སྐྱོང་ལ་བརྟེན་ནས་མཐའ་མཚམས་སྟོབས་ཆེར་བཏང་སྟེ་རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་གཏོད་ཆེད་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ།

    “བཅའ་ཁྲིམས”ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་དམག་དཔུང་འདུས་སྡོད་དང་མི་དམངས་གནས་བདེ་ཡོང་རྒྱུ་མཉམ་དུ་དམ་འཛིན་དང་། མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན། རྒྱལ་ཁབ་ཀྱི་འདུ་ཤེས་དང་། རྒྱལ་སྒོའི་འདུ་ཤེས། རྒྱལ་སྲུང་གི་འདུ་ཤེས་བཅས་བརྟན་པོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་སྐྱོང་ལ་བརྟེན་ནས་མཐའ་སྟོབས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། རིམ་ཁག་མི་དམངས་འཐུས་ཚོགས་དང་ལྷག་པར་དུ་མཐའ་འབྲེལ་རྫོང་དང་ཤང་གི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་བླང་བྱ་ཁ་གསལ་བཏོན་ཡོད།

    “སྟོབས་ཆེར་གཏོང་བར”ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་ཚུལ་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་པ་མ་ཟད། ཆེད་དོན་བློ་འདྲི་བྱས་ནས་མཐའ་མཚམས་ཀྱི་ཐོན་ལས་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གཏིང་ཟབ་བྱས་ཡོད།

    “དུས་བདེར”ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ཁྲིམས་འཛིན་ཞིབ་བཤེར་བྱས་ཏེ། མཐའ་མཚམས་དོ་དམ་སྲོལ་ཡིག་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ནས། རྒྱ་ཆེའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷག་པར་དུ་མཐའ་འབྲེལ་རྫོང་དང་ཤང་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས“མཐའ་བརྟན་དང་མཐའ་དར་གྱི་ལས་གནས”རྩིས་བླངས་ཏེ། ས་སྲུང་མཐའ་བརྟན་བྱེད་པའི་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་མིག་དཔེ་དང་སྣེ་ཁྲིད་ཀྱི་ནུས་པ་ཤུགས་ཆེན་འཕེལ་བར་བྱས་ཡོད།

    ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས“འཛུགས་གཏོད་བཞིར”ཁྲིམས་ལྟར་སྐུལ་འདེད་གཏོང་རྒྱུ་དེ་རང་འཁྲིའི་ལས་འགན་དུ་བརྩིས་ནས་རང་འགུལ་ངང་ཁྲིམས་གཏན་འཁེལ་བའི་འགན་ནུས་ཧུར་ཐག་སྒྲུབ་པ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ་ལྷོ་ཁ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།