ཟླ་བ་དང་པོ་ནས་བདུན་པ་བར་རང་ལྗོངས་ཀྱིས་དཔྱ་ཁྲལ་སྒོར་དུང་ཕྱུར་14.13སློག་པའི་འགྲོ་ལུགས་གཉེར་བ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། ཏང་ཀྲུང་དབྱང་གི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་སྲིད་ཇུས་ཀྱི་ཕན་པ་གཉེར་སྐྱོང་བྱེད་པོར་གནད་སྨིན་དང་ཐད་ཀར་རག་པའི་འགན་ལེན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བ་དང་པོ་ནས་བདུན་པའི་བར། རང་ལྗོངས་ཀྱིས་དཔྱ་ཁྲལ་ཁྱོན་སྒོར་དུང་ཕྱུར་14.13སློག་པའི་འགྲོ་ལུགས་གཉེར་བའི་ནང་གནས་ཐང་འཕར་ཁྲལ་སྒོར་དུང་ཕྱུར་8.11སློག་རྒྱུ་ལས་ཁྲལ་འཇལ་མཁན་1643ལ་ཕན་པ་ཐོབ་རྒྱུ་དང་། ཁེ་ལས་ཀྱི་ཐོབ་ཁྲལ་སྒོར་དུང་ཕྱུར་1.84སློག་རྒྱུ་ལས་ཁེ་ལས་3541ལ་ཕན་པ་ཐོབ་རྒྱུ། སྒེར་གྱི་ཐོབ་ཁྲལ་སྒོར་དུང་ཕྱུར་2.68སློག་རྒྱུ་ལས་ཁྲལ་འཇལ་བ་ཁྲི་19.54ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ། དེ་མིན་དཔྱ་ཁྲལ་གཞན་སྒོར་དུང་ཕྱུར་1.50སློག་རྒྱུ་བཅས་ཚུད་ཡོད་པ་རེད།